དབུ་ཤོག
  • ལྗོངས་ཕྱི་ནང་དུ་སྨན་བཅོས་བྱེད་པར་དེ་བས་སྟབས་བདེ་རུ་ཕྱིན་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-03-17

    མིག་སྔར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་བརྒྱུད། བོད་ལྗོངས་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གཞན་དབར་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་ནས་ཐད་ཀར་བསྡོམས་རྩིས་རྒྱག་པ་མཉམ་སྦྲེལ་མཉམ་མཐུད་བྱུང་བ་དང་། ལྗོངས་ནང་ཁུལ་གྱི་གྲོང་ཁྱེར་ཁག་དང་། ས་ཁུལ་ཁག དེ་བཞིན་རྫོང་དང་ཆུས་ཚང་མར་ཡང་སྨན་ཁང་དུ་སྡོད་པ་དང་། སྒོ་བསྟེན་སྨན་བཅོས། སྨན་རིན་སོགས་ཐད་ཀར་བསྡོམས་རྩིས་རྒྱག་པའི་ཞབས་ཞུ་ཡོངས་སུ་ཁྱབ་ཡོད་པ་རེད།

    རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་དང་སྨན་བཅོས་འགན་སྲུང་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་ཉེ་ཆར་བོད་ལྗོངས་ཀྱི་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་འགན་བཅོལ་ནང་ཞུགས་མཁན་ལ་ཐོ་འགོད་དང་སྨན་བཅོས་འགྲོ་གྲོན་ཞིབ་རྩིས་གཏན་འབེབས་དང་བསྡོམས་རྩིས་རྒྱག་པའི་ལས་དོན་སྤེལ་བཞིན་ཡོད་པ་རེད།

    རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་བོད་ལྗོངས་ལས་སྟེགས་བརྒྱུད་བོད་ཀྱི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་ཐོབ་ཐང་ལག་ཁྱེར་དང་ལག་ཐོགས་ཁ་པར་ནས། ལྗོངས་ནང་ཁུལ་ལམ་ཡང་ན་ཞིང་ཆེན་སྒྲོལ་ནས་སྨན་ཁང་དུ་སྡོད་པ་དང་། སྒོ་བསྟེན་སྨན་བཅོས། སྨན་རྫས་ཚོང་ཁང་ནས་སྨན་ཉོ་བ་སོགས་ལ་ཐད་ཀར་བསྡོམས་རྩིས་རྒྱག་ཐུབ་པ་དང་། ལྗོངས་ཕྱིའི་འགན་བཅོལ་ནང་ཞུགས་མཁན་གྱིས་བོད་དུ་སྨན་བཅོས་བྱས་ཚེ་འབྲེལ་ཡོད་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་གཉེར་ཐུབ་པ་མ་ཟད། ཐད་ཀར་བསྡོམས་རྩིས་རྒྱག་ཐུབ་ཀྱི་ཡོད། ལས་དོན་མི་སྣས་དྲན་སྐུལ་བྱས་དོན། ཡུལ་གཞན་དུ་སྨན་བཅོས་ཀྱི་གདམ་ཀ་མ་བྱས་གོང་ངེས་པར་དུ་སྔོན་ལ་ཐོ་འགོད་ཡག་པོ་བྱེད་དགོས།

    ཡུལ་གཞན་དུ་སྨན་བཅོས་བྱེད་དགོས་པའི་འགན་བཅོལ་ནང་ཞུགས་མཁན་གྱིས་ད་དུང“བོད་ལྗོངས་སྨན་བཅོས་འགན་སྲུང”སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་བརྒྱུད། ལྗོངས་ཕྱིའི་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་། སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སིལ་ཚོང་སྨན་རྫས་ཚོང་ཁང་། ཡུལ་གཞན་གྱི་དྲ་སྦྲེལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་བཅས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱེད་ཐུབ། 

    ཞིང་ཆེན་སྒྲོལ་ནས་སྨན་བཅོས་བསྡོམས་རྩིས་ཀྱི་ལམ་བུ་ཤར་གཏོང་ཐུབ་པ་དང་ཆབས་ཅིག བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དང་དེ་བཞིན་རྫོང་དང་ཆུས་74དབར་གྱི་སྨན་བཅོས་འགན་བཅོལ་གྱི་བསྡོམས་རྩིས་རྒྱག་པ་སོགས་ཚང་མ་མཉམ་སྦྲེལ་མཉམ་མཐུད་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།