དབུ་ཤོག
  • དཔྱིད་ཀ་ཆུ་ཚན་རྒྱག་སྐབས་དོ་སྣང་བྱེད་དགོས་པ་འགའ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-03-16

      ཆུའི་ནང་དུས་ཚོད་རིང་པོ་སྡོད་རྒྱུ་མེད།

    སྤྱིར་ན་ཐེངས་རེར་སྐར་མ་10ནས་20བར་འཚམ་པོ་ཡོད། ཆུའི་དྲོད་ཚད་གཅིག་པ་མིན་པས་ཆུ་ཚན་རྒྱག་པའི་དུས་ཚོད་ཀྱང་འདྲ་གི་མེད། ཆུ་ཚན་གྱི་ཆུའི་གྲུབ་ཆར་ཐཱན་འགྱུར་དངོས་པོ་ཡོད་ཚེ། ཆུའི་ནང་དུས་ཚོད་རིང་པོ་སྡོད་རྒྱུ་མེད་པར་ཉིན་གནངས་འཆར་ལ་ཐེངས་རེ་རྒྱག་པའམ་ཡང་ན་ཉིན་གཉིས་བསྟུད་མར་ཆུ་ཚན་རྒྱག་པ་དང་ཉིན་གསུམ་པར་ངལ་གསོ་དགོས།

      ཆམ་ནད་རིགས་འགའ་ཕོག་ན་ཆུ་ཚན་རྒྱག་རྒྱུ་མེད། 

    ཆམ་ནད་ལ་རིགས་མི་འདྲ་བ་སྣ་ཚོགས་ཡོད་པས་ཆམ་ནད་ཡོངས་རྫོགས་ལ་ཆུ་ཚན་བརྒྱབ་ན་ཕན་པའི་ངེས་པ་མེད། གལ་ཏེ་ཁྱེད་ལ་ཆམ་པ་བརྒྱབ་ནས་སྣ་ཆུ་སླ་པོ་དོན་པ་དང་ལྟོའི་དང་ག་ཉམས་པ། གྲོད་པ་སྦོས་པ་སོགས་བྱས་ན་ཆུ་ཚན་བརྒྱབ་ཚེ་ཕན་པ་ངེས་ཅན་ཐོན་སྲིད་ཀྱང་། ཆམ་ནད་གཞན་དག་ཕོག་ནས་ཆུ་ཚན་བརྒྱབ་ན་ཕན་པའི་ངེས་པ་མེད།

       ཆུ་ཚན་རྒྱག་སྐབས་ཆང་རག་འཐུང་ཚོད་བྱེད་དགོས།

    ཆུ་ཚན་རྒྱག་སྐབས་ལུས་པོའི་ནུས་ཤུགས་མང་པོ་ཟད་འགྲོ་བས། སྤྱིར་ན་ཟས་བཅུད་འཛོམས་པོ་བསྟེན་པ་དང་ཆང་རག་འོས་འཚམ་བཏུངས་ན་གཟུགས་པོའི་ནུས་ཤུགས་གསབ་རྒྱུར་ཕན་པ་ཆེན་པོ་ཡོད། འོན་ཀྱང་ཆང་རག་མང་པོ་བཏུངས་ནས་ཆུ་ཚན་རྒྱག་རྒྱུ་མེད། གང་ཡིན་ཟེར་ན་ཆུ་ཚན་གྱི་ཆུའི་ཚ་ནུས་ཀྱིས་སྙིང་ཁ་དབྱུག་ཚད་མགྱོགས་སུ་འགྲོ་བ་དང་། ཁྲག་ཤེད་འཕར་བ། སྙིང་གི་གནོན་ཤུགས་ཆེ་རུ་འགྲོ་བ། ཀླད་པར་ཟུངས་ཁྲག་མི་འདང་བ་སོགས་ཀྱི་སྣང་ཚུལ་ཐོན་སྲིད་པས། དེའི་སྟེང་དུ་ཆང་རག་བཏུངས་ནས་ཆུ་ཚན་བརྒྱབ་ན་ཉེན་ཁ་ཆེའོ།

      ཁ་ལག་བཟས་རྗེས་ལམ་སེང་ཆུ་ཚན་རྒྱག་རྒྱུ་མེད།

    མི་འགའ་ཡིས་ལྟོ་ཆས་བཟས་མ་ཐག་ལམ་སེང་ཆུ་ཚན་རྒྱག་གི་ཡོད། དེ་འདྲ་བྱས་ན་ཟས་འཇུ་བར་འགོག་རྐྱེན་བཟོ་གི་ཡོད། དེར་བརྟེན་ལྟོ་ཆས་མ་བཟས་གོང་གི་སྐར་མ་30དང་ལྟོ་ཆས་ཟས་རྗེས་ཀྱི་ཆུ་ཚོད་1སོང་མཚམས་སུ་ཆུ་ཚན་བརྒྱབ་ན་འཚམ་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།