དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལྷག་བསམ་དག་པོས་ཁྲང་ཨན་ཕྱོགས་ལ་ཐོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-14

    1733559_yis_1646928000000_s.jpg

    འདི་ནི་རོགས་སྐྱོར་དངོས་ཟོག་བྱུར་བུར་བླུགས་པའི་རླངས་འཁོར་མངའ་རིས་ནས་ཧྲའན་ཤིས་ཕྱོགས་སུ་ཐོན་བཞིན་པ།

    1994ལོ་ནས་བཟུང་ཧྲའན་ཤིས་ཞིང་ཆེན་གྱིས་མངའ་རིས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་གྱི་འགན་ཁུར་རྗེས་མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པར་རོགས་སྐྱོར་བྱེད་རིང་ཁྱོན་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་པ་713བོད་དུ་རོགས་སྐྱོར་ལས་དོན་སྤེལ་བར་མངགས། 2021ལོའི་ལོ་མཇུག་ཏུ། ཧྲའན་ཤིས་ཤིས་ཨན་ལ་ཏོག་གསར་གློ་ཚད་རིམས་ནད་གློ་བུར་དུ་ཐོན་ཞིང་། མངའ་རིས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཤིས་ཨན་རིམས་ནད་ལས་རྣམ་པར་རྒྱལ་བར་རྒྱབ་སྐྱོར་དང་སྨོན་འདུན་ཡང་ཞུས།

    རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ལ་བརྩེ་སེམས་ལྡན་པ།

    2021ལོའི་ཟླ་12པའི་ཟླ་དཀྱིལ་ལ་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཧྲའན་ཤིས་ཤིས་ཨན་དུ་འགོ་ཁྱབ་ཆེན་པོ་བྱུང་བར་སྐྱེ་བོ་ཀུན་དོ་སྣང་ཆེན་པོ་བྱུང་ཡོད་ལ། མངའ་རིས་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཡང་སེམས་ཁྲལ་ཆེན་པོ་བྱུང་། ཚང་མས་ཧྲའན་ཤིས་ཤིས་ཨན་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་ལྕག་སྐུལ་ཡང་ཡང་བྱས།

    “ལོ་27རིང་ཧྲའན་ཤིས་ཤིས་ཨན་གྱིས་སྔ་ཕྱི་བར་གསུམ་དུ་མངའ་རིས་ལ་རོགས་སྐྱོར་མང་པོ་བྱས་ཡོད། ད་ཆ་ཤིས་ཨན་དུ་རིམས་ནད་ཚབས་ཆེན་ཐོན་སྐབས་ང་ཚོས་ཤིས་ཨན་གྱིས་རིམས་ནད་ལས་རྣམ་པར་རྒྱལ་བར་རྒྱབ་སྐྱོར་དང་བཅས་ཤིས་ཨན་ཤུགས་རྒྱོབ། ཁྲང་ཨན་ནམ་ཡང་བདེ་བར་འཁོད་པར་ཤོག”ཅེས་མངའ་རིས་ས་ཁུལ་སྒར་རྫོང་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་གཙོ་སྐྱོང་བ་ལྷ་མོས་བརྩེ་སེམས་ཟབ་མོས་བཤད།

    “ང་ཚོས་མཁའ་དབྱིངས་ཀྱི་མངའ་རིས་ནས་ཤིས་ཨན་རིམས་ནད་ལས་རྣམ་པར་རྒྱལ་བའི་སྨོན་འདུན་ཞུ་གི་ཡོད། ཤིས་ཨན་ཤུགས་རྒྱོབ། ཁྲང་ཨན་ནམ་ཡང་བདེ་བར་འཁོད་པར་ཤོག”ཅེས་གནམ་ལོ་གསར་ཚེས་ཀྱི་དགོང་མོར་ཧྲའན་ཤིས་ཀྱི་ཕ་ཡུལ་གཉིག་པ་བ་དང་དེ་བཞིན་མངའ་རིས་སུ་ཡོད་པའི་བོད་སྐྱོར་ལས་བྱེད་པ་ཚོས་རང་འགུལ་ངང་མངའ་རིས་ཀྱི་ཧྲའན་ཤིས་ཐོག་བརྩེགས་ཁང་ཆེན་མདུན་དུ་འཛོམས་པ་དང་། རུ་སྟར་བསྒྲིགས་ཏེ་ལེ་དབར་སྟོང་གིས་ཆོད་པའི་ཕ་ཡུལ་ལ་སྨོན་འདུན་ཞུས།

    ཐབས་བརྒྱ་ཇུས་སྟོང་གིས་དངོས་ཟོག་གྲབས་གསོག་བྱས་པ།

    ཧྲའན་ཤིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་རྒྱབ་སྐྱོར་དང་ལྷག་པར་དུ་དུས་ཡུན་རིང་པོའི་ནང་ཧྲའན་ཤིས་ཀྱིས་མངའ་རིས་ལ་རོགས་སྐྱོར་བྱས་པའི་དྲིན་ལན་འཇལ་ཆེད། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་འགན་ལེན་དངོས་ཟོག་གྲབས་གསོག་ཧུར་ཐག་བྱས་ནས་ཧྲའན་ཤིས་ཤིས་ཨན་གྱི་རིམས་འགོག་ལ་རོགས་རམ་བྱ་རྒྱུའི་ཐག་བཅད།

    སྐབས་དེ་དུས་མངའ་རིས་སུ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་43.9℃ཟིན་པའི་གྲངས་ངར་གནོད་འཚེ་འཕྲད་མ་ཐག་ཡིན་ཞིང་། རི་ལམ་ཁ་བས་འགག་ནས་འགྲོ་ལམ་ཤར་གཏོང་ཐུབ་ཐབས་བྲལ་མོད། འོན་ཀྱང་རིམས་འགོག་དངོས་ཟོག་དུས་ཐོག་ཏུ་ཧྲའན་ཤིས་སུ་སྐྱེལ་ཆེད། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་ཧུར་ཐག་བྱས་པ་དང་བྱ་ཐབས་སྣ་མང་སྤྱད་དེ་སྔ་རྗེས་སུ་མངའ་རིས་ས་ཁུལ་སྨན་རྩིས་ཁང་གིས་བཟོས་པའི་རིམས་འགོག་དྲི་ཁུག་དང་བོད་སྨན་5556དང་། ས་མཐོའི་སྤུས་ལེགས་ལུག་ཤ་ཁོག་600 ལས་དུས་འཕར་མ་བྱས་ནས་ཐོན་སྐྱེད་བྱས་པའི་གངས་རིན་པོ་ཆེའི་རང་བྱུང་འཐུང་ཆུ་སྒམ་1191སོགས་དངོས་ཟོག་དུས་ཐུང་ཉིན་ཁ་ཤས་ནང་སེང་གེ་ཁ་འབབ་གྲོང་རྡལ་དུ་གྲབས་གསོག་བྱས།

    རིམས་ནད་ཀྱི་མདུན་དུ་དུས་ཚོད་དང་དངོས་རྫས་ནི་ཚེ་སྲོག་ལྟ་བུ་རེད། དཀའ་ཚེགས་ཇི་ལྟར་ཆེ་ན་ཡང་མངའ་རིས་མི་དམངས་ཀྱིས་ཧྲའན་ཤིས་མི་དམངས་ལ་བཅངས་པའི་སྒེར་སེམས་མེད་པའི་བརྩེ་སེམས་འགོག་ཐབས་བྲལ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མངའ་རིས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་ལེགས་སྐྱེས། བོད་སྐྱོར་ལས་བྱེད་པ་དང་མངའ་རིས་ཀྱི་ལས་མི་ཚོའི་ཐུན་མོང་འབད་བརྩོན་དང་རོགས་རམ་བཅས་ཀྱི་འོག མངའ་རིས་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་སྨོན་འདུན་དང་བརྩེ་སེམས་མཚོན་པའི་རིམས་འགོག་འགན་ལེན་དངོས་ཟོག་བླུགས་པའི་རླངས་འཁོར་ཆེ་གྲས་བཞི་ཟླ་1ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་སེང་གེ་ཁ་འབབ་གྲོང་རྡལ་ནས་ཧྲའན་ཤིས་ཀྱི་ཤིས་ཨན་ཕྱོགས་སུ་ཐོན།

    མཁའ་ལམ་ཉེན་ཁ་ཆེ་ཡང་ཞུམ་མེད་མདུན་དུ་བསྐྱོད།

    སེང་གེ་ཁ་འབབ་གྲོང་རྡལ་ནས་ཤིས་ཨན་བར། ཐག་ཉེ་ཤོས་ཀྱི་གཞུང་ལམ་ནས་བསྐྱོད་ནའང་སྤྱི་ལེ་3800ལྷག་ཙམ་ཡོད་ཅིང་། ལམ་བར་དུ་ས་བབ་མཐོ་ཚད་སྨི་5000ཡན་གྱི་རི་བོ་6བརྒལ་དགོས་པ་དང་། དགུན་དུས་གཞུང་ལམ་དུ་གངས་གསོག་ཐེབས་ཏེ་འགྲོ་སྐྱོད་ཤིན་ཏུ་དཀའ་བའི་ཁར། འགྲོ་ལམ་ཀྱག་ཀྱོག་མང་བ་དང་གནམ་གཤིས་འགྱུར་ལྡོག་ཆེ་བ་བཅས་ནི་ད་ཐེངས་ཀྱི་རིམས་འགོག་དངོས་ཟོག་སྐྱེལ་མཁན་ཁ་ལོ་བ་དང་ལས་བྱེད་པ་8ཀྱི་ངོས་ནས་བརྗོད་ན་ཤི་གསོན་གྱི་ཚོད་བགམ་ཆེན་པོ་ཞིག་ཡིན་པ་སྨོས་མེད་རེད།

    “དེ་རིང་ནི་ང་ཚོ་ཐོན་པའི་ཉིན་གསུམ་པ་རེད། ད་ལྟ་ང་ཚོའི་རླངས་འཁོར་རུ་ཁག་ད་དུང་མཚོ་བོད་ས་མཐོར་ཡོད། མཚོ་བོད་གཞུང་ལམ་ཡོངས་སུ་གངས་གསོག་ཐེབས་ཡོད་པས་རླངས་འཁོར་དལ་བུར་གཏོང་དགོས་ཀྱི་འདུག....”ཅེས་དངོས་ཟོག་སྐྱེལ་འདྲེན་གྱི་འགན་འཁུར་བ་མངའ་རིས་ས་ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ལས་བྱེད་པ་ཧྲའན་ཤིས་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་སྨི་ཀོང་མིན་གྱིས། རླངས་འཁོར་རུ་ཁག་གདང་ལ་བརྒྱུད་སྐབས་གྲོགས་ཚོགས་ནང་བརྙན་ལམ་ཐད་གཏོང་བྱས་ཏེ། ཁོང་ཚོ་མི་8པོར་དངོས་ཟོག་སྐྱེལ་འདྲེན་བྱེད་རིང་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་འཕྲད་ཚུལ་བརྗོད།

    དུས་ཡུན་ཉིན་6གི་སྐྱེལ་འདྲེན་བྱེད་རིང་། ཁོང་ཚོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ངལ་དུབ་ཤིན་ཏུ་ཆེ་བའི་ཚོད་བགམ་ཐེག་སྟེ་བྱང་ཆུབ་པའི་ཁ་ལོ་བའི་ལག་རྩལ་ལ་བརྟེན་ནས་ཁུ་ནུ་རི་བོ་དང་། བྱང་ཐང་མི་མེད་ཁུལ། ཁུ་ཁུ་ཤི་རི་སོགས་དཀའ་ཚེགས་ཆེ་བའི་ལམ་དུམ་འགྲིམས་ཏེ། དཀའ་བ་དུ་མ་སྤྱད་མཐར་ཟླ་1ཚེས་12ཉིན་གྱི་སྔ་དྲོར་རླངས་འཁོར་རུ་ཁག་ཧྲའན་ཤིས་ཀྱི་དབྱང་ལིན་དུ་བདེ་འཇགས་ངང་འབྱོར་བ་དང་འབྲེལ་བདེ་བླག་ངང་དངོས་ཟོག་རྩིས་སྤྲོད་རྩིས་ལེན་བྱས།

    ལམ་ཐག་རིང་བའི་དབང་གིས་མངའ་རིས་ཀྱི་རིམས་འགོག་དངོས་ཟོག་འབྱོར་བའི་དུས་ཚོད་ཅུང་ཕྱི་མོད། འོན་ཀྱང་ཧྲའན་ཤིས་དང་མངའ་རིས་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བ་དེ་བས་ཟབ། དངོས་ཟོག་དཀོན་པའི་དབང་གིས་མངའ་རིས་ཀྱི་རིམས་འགོག་དངོས་ཟོག་དེ་ཙམ་མང་པོ་མེད་མོད། འོན་ཀྱང་མངའ་རིས་དང་ཧྲའན་ཤིས་མི་དམངས་ཀྱིས་ཕན་ཚུན་རོགས་རེས་བྱེད་པའི་བརྩེ་སེམས་མཚོ་ལས་ཟབ་པ་མཚོནཐུབ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།