ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་དམ་འཛིན་བྱ་གཞིར་བྱེད་པ་དང་། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། “མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་འདུ་འགོད”ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། འཛུགས་གཏོད་བྱེད་སྒོ་རྒྱ་ཆེར་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཉིང་ཁྲིར་རྟག་ཏུ་བཞད་པར་བྱས་ཡོད།
ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བརྟན་པོ་བསྐྲུན་པ།
ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་རྒྱལ་གཅེས་རིང་ལུགས་དང་། བོད་གསར་རྙིང་བསྡུར་བ། བརྗོད་དོན་གཙོ་བོའི་གཏམ་བཤད་སོགས་སློབ་གསོའི་བྱེད་སྒོ་ཐེངས་ཁྲི་ལྷག་ཙམ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པར་མུ་མཐུད་སྐུལ་འདེད་བཏང་བ་རེད། “མི་རིགས་མཐུན་སྒྲིལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ”དང“ཀུན་སྤྱོད་ལ་བརྟེན་ནས་མི་གསར་སྐྱོང་བ”“ཆེ་བས་ཆུང་བ་འཁྲིད་པ་དང་ཆུང་བས་ཆེ་བར་གུས་བཀུར”སོགས་བརྗོད་དོན་གཙོ་བོའི་སློབ་གསོ་དང་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་མི་རིགས་ཀྱི་ཤེས་བྱ་བསླབ་གཞིར་འཇུག་པ་དང་། སློབ་ཚན་ལ་འཁྲིད་པ། སེམས་ལ་འཇགས་པ་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་པ་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད”མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་ཁྲག་རྒྱུན་དང་འདྲེས་པར་བྱས་ཡོད། ལོ་རྒྱུས་ཀྱི་ཐོན་ཁུངས་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གང་ལེགས་དང་ལེཌ་སྒྲིག་གཏིང་ཟབ་བྱས་ཏེ། ཀོང་པོ་རྒྱ་མདའ་རྫོང་ཐའེ་ཀྲོའུ་གནའ་གྲོང་མཚོན་བྱེད་དུ་བྱས་པའི་བོད་ལྗོངས་ས་གནས་དང་མེས་རྒྱལ་ནང་སའི་དབར་སྤེལ་རེས་འབྲེལ་བའི་ཤུལ་བཞག་དང་སྤོ་བོ་རྫོང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོ་མཚོན་བྱེད་དུ་བྱས་པའི་གསར་རྗེའི་ཤུལ་བཞག་སོགས་སློབ་གསོའི་རྟེན་གཞི་14ལ་མིང་བཏགས་པ་དང་བཏོད་དེ། མི་རིགས་མཐུན་སྒྲིལ་གྱི“དྲན་ཤེས”འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་50དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་40བདེ་བླག་ངང་རེ་འདུན་ཞུས་ཡོད། མེ་ཏོག་རྫོང་བདེ་ཞིང་གྲོང་ཚོ་སོགས་གྲོང་ཚོ(གྲོང་ལྷན)9རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེ”ཞེས་པའི་མིང་བཏགས་པ་དང་། ཉིང་ཁྲིའི་རྒྱལ་ཁབ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེའི་གྲངས་འབོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཨང་དང་པོར་སླེབས་ཏེ། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སྔར་བས་གསལ་པོར་མངོན་ཡོད།
རྩ་འཛུགས་ཀྱི་འགན་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།
ཉིང་ཁྲི་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ལ་བཅུག་པ་དང་། ལོ་འཁོར་གྱི་དམིགས་ཚད་དཔྱད་ཞིབ་ཁྱབ་ཁོངས་དང་སྐོར་ཞིབ་ཀྱི་ནང་དོན་གལ་ཆེན་ནང་བཅུག་ནས་སྤྱི་འདོམས་བཀོད་སྒྲིག་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་ཡོད། རྩ་འཛུགས་ཀྱི་འགན་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། སྔ་རྗེས་སུ་དུས་བབ་གསར་པའི་འོག་གི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་འཛུགས་གཏོད་དང་དཔྱད་འདེམས་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། གྲོང་ཨུད་རྒྱུན་ལས་ཨུ་ལྷན་དང་། གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཨུ་ལྷན། གྲོང་ཁྱེར་འཛུགས་གཏོད་དཔྱད་འདེམས་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་བཅས་ཀྱིས་ལོ་རེར་ཚོགས་འདུ་ཐེངས་2ཡན་འཚོགས་ཏེ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་དང་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཞིང་། 2018ལོ་ནས་བཟུང་། ཆེད་དོན་ལས་དོན་གྱི་འགྲོ་གྲོན་སྒོར་ཁྲི་2000ལྷག་ཙམ་བཀོད་སྒྲིག་བྱས་ཏེ། སྲིད་ཇུས་བཟོ་བ་དང་། ཤེས་ལྡན་མི་སྣ་འགན་ལེན། མ་དངུལ་གཏོང་བ་སོགས་ཀྱི་ཐད་ནས་འཛུགས་གཏོད་ལས་དོན་གྱི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་བ་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། མི་རིགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་ནང་དོན་དུ་བརྩི་བ་དང་། རིམ་ཁག་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གྲྭ)གསོ་སྦྱོང་བྱེད་རིང་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩིས་ཡོད། 2020ལོ་ནས་བཟུང་། རིམ་ཁག་ཏང་གི་སློབ་གྲྭས་མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་45གསར་སྤེལ་དང་། འཛིན་གྲྭ་76གཉེར་བ། སློབ་མ་མི་ཐེངས་4600ལྷག་ཙམ་གསོ་སྦྱོང་བཅས་བྱས་པས། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། ཁྲིམས་སྲོལ་བཅས་དང་མི་རིགས་ཀྱི་ཤེས་བྱ་ཤེས་རྟོགས་ཐུབ་ཚད་92%ཟིན་ཡོད་པ་རེད།
མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།
ཉིང་ཁྲི་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་མཐའ་འཁྱོངས་བསྒྲེངས་ནས་མི་རིགས་མི་འདྲ་བ་དང་ཉིང་ཁྲིའི་དོན་དངོས་ལ་བསམ་གཞིག་གང་ལེགས་བྱས་ཏེ། མི་རིགས་ཁག“ཕན་ཚུན་མཛའ་བརྩེ་ལྡན་པ་དང་། ཉ་དང་ཆུ་ལྟ་བུ”ཡོང་བར་སྐུལ་འདེད་བཏང་ཡོད། ཡུལ་བབ་དང་བསྟུན་ནས་མི་རིགས་མང་པོ་མཉམ་དུ་སྡོད་པའི་ཁོར་ཡུག་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ། བདེ་སྐྱིད་སྡེ་ཁུལ་དང་། གཞོན་ནུའི་ལས་ཤག ཧྥུའུ་ཅན་ལས་ཤག་སོགས་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་ཀྱི་སྡེ་ཁུལ་བདེ་བླག་ངང་བསྐྲུན་ཡོད། 《ཉིང་ཁྲི་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི(ཚོད་ལྟའི་ལག་བསྟར)བྱ་ཐབས》ལག་ལེན་ཤུགས་ཆེན་བསྟར་ཏེ། ཕྱི་ནས་ཡོང་བའི་ཐོན་ལས་འཇོན་ཐང་ཅན་དང་ཕྱུག་འགྱུར་འཇོན་ཐང་ཅན་ཉིང་ཁྲིར་གཞིས་ཆགས་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་ཧྥོ་ཧྲན་མཐོ་གསར་ལག་རྩལ་ཁུལ་དང་། ཧྲེན་ཀྲེན་ཧྭ་ཏ་གཞི་རྒྱུ་ཚན་རྩལ་ཚད་ཡོད་ཀུང་སི། ཧྭ་ནན་ཞིང་ལས་སློབ་ཆེན་སོགས་ཁེ་ལས་དང་མཐོ་སློབ་མང་དག་ཅིག་གིས་མཉམ་ལས་འབྲེལ་བ་འཛུགས་པར་སྐུལ་འདེད་བཏང་བ་དང་འབྲེལ་ཉིང་ཁྲིར་གཞིས་ཆགས་ཡོད། ཡུན་རིང་གནད་སྨིན་དབུལ་སྐྱོར་གྱི་གཉིས་གཏོད་སྐྱོང་སྤེལ་རྟེན་གཞིར་བརྟེན་ནས་མི་རིགས་ཁག་གི་ཕུལ་བྱུང་མི་སྣའི་ཚོགས་པ་300ལྷག་ཙམ་མཉམ་དུ་ལས་གཏོད་ལ་ཞུགས་པའི་ཡིད་དབང་བཀུག་ཡོད། རིམ་པ་མང་བ་དང་སྣ་མང་ཅན་གྱི་མི་རིགས་མཉམ་སྤྲོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ལས་ཁུངས་དང་བྱ་གཞག་ཚན་པས་དམིགས་འཛུགས་རོགས་སྐྱོར་བྱས་པའི་གྲོང་ཚོ(གྲོང་ལྷན)504དང་ཏང་ཡོན་ལས་བྱེད་པ་5000ལྷག་ཙམ་གྱིས་མི་རིགས་ཁག་གི་མང་ཚོགས་དབུལ་པོར་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། སྤྱི་དབང་མིན་པའི་ཁེ་ལས་161གིས་གྲོང་ཚོ(གྲོང་ལྷན)119དང་དུད་ཚང་1116གི་མི་4322ལ་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱས་ཡོད། ཀོང་ཏུང་གི་གྲོང་ཁྱེར་དང་། རྫོང་། ཆུས་བཅས་67གྱིས་ཉིང་ཁྲིའི་རྫོང་དང་། ཆུས། ཤང་། གྲོང་རྡལ་བཅས་ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས་མི་རིགས་ཁག་གི་མི་དམངས་གཉེན་ཉེ་ལྟར་བརྩེ་དུང་དེ་བས་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ཡོད།
མིག་སྔའི་བར། བྲག་ཡིབ་ཆུས་དང་། སྤོ་བོ་རྫོང་། སྣང་རྫོང་བཅས་ལ་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དཔེ་སྟོན་ཁུལ་གྱི་མིང་བཏགས་པ་དང་། གྲོང་ཁྱེར་མི་དམངས་སྨན་ཁང་དང་བོད་ལྗོངས་གསང་སྔགས་ཆོས་འཛོམས་སྣོད་བཅུད་ཞིང་ལས་ཚད་ཡོད་ཀུང་སིར(རྫ་ཡུལ་རྫོང)སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པའི་མིང་བཏགས་པ། སྨན་གླིང་རྫོང་སྐུ་དཀར་གྲོང་ཚོར་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་ཚན་པའི་མིང་བཏགས་པ། གྲོང་ཁྱེར་རིམ་པའི་དཔེ་སྟོན་ཚན་པ་35དང་རྫོང་དང་ཆུས་རིམ་པའི་དཔེ་སྟོན་ཚན་པ་57ལ་མིང་བཏགས་པས། གནད་རྒྱུད་ལ་ཁྱབ་པ་དང་། རྒྱུད་ཡུག་དང་སྦྲེལ་བ། ཡུག་གིས་ཁྱོན་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི་དཔེ་སྟོན་འཛུགས་གཏོད་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་ནས་ཉིང་ཁྲིའི་ཁྱད་ཆོས་ལྡན་པ་དང་ཉིང་ཁྲིའི་དོན་དངོས་དང་འཚམ་པའི་འཛུགས་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད་པ་རེད།