དབུ་ཤོག
  • ལོ་གསར་རིང་། རིམས་ནད་སྔོན་འགོག་ཐད་ཀྱི་དྲན་སྐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-26

    ཉེ་ཆར། ཁྲེང་ཏུའུ་སོགས་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་རང་ཡུལ་གྱི་ནད་དཔེ་ཐོན་མང་དུ་ཕྱིན་ཡོད་པ་དང་། ཟླ་2ཚེས་24ཉིན་གྱི་ཆུ་ཚོད་24བར། ཞིང་ཆེན་31(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྙན་ཞུའི་ནང་། མིག་སྔར་གཏན་འཁེལ་ནད་དཔེ་ཁྱོན་2254(ནད་གཞི་ཚབས་ཆེན་དུ་གྱུར་པའི་ནད་དཔེ་18)ཡོད་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་དེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད་པས། དེ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྱོད་ཚུལ་ཏན་ཏིག་ཡོད་མེད་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་དོན་ཏན་ཏིག་སྒྲུབ་མིན་དང་འགན་འཁྲི་དོན་འཁྱོལ་བྱས་མིན་ལ་ཞིབ་དཔྱད་བྱེད་པའི་རྒྱུགས་ར་ཆེན་པོ་ཞིག་ཡིན། 

    བདེ་ཐང་དང་བདེ་འཇགས་ཡོང་བ་ནི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པའི”ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དུས་རྟག་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་འཛིན་པ་དང“དྲི་བ་བཞི་དང་ཞིབ་བཤེར་བཞིའི”རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱས་ཏེ་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་དང་། དངོས་འཛིན་དངོས་སྒྲུབ་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་ནད་ཕྱི་ནས་མི་འགོ་བ་བྱེད་པའི་འགག་རྩ་དེར་དམ་འཛིན་ནན་པོ་བྱེད་པ་དང་། སྔོན་འགོག་གི་རྨང་གཞི་བརྟན་དུ་གཏོང་བ། འགན་འཁྲི་རིམ་གྱིས་ལྕི་རུ་གཏོང་བ། ཞན་ཆ་སེལ་རྒྱུར་ཤུགས་སྣོན་རྒྱག་པ། ནན་ལ་ཏན་ཏིག་ངང་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རིང་། མི་རིགས་ཁག་གི་མང་ཚོགས་ཚོས་རྣམ་པ་གསར་པ་ཞིག་ཚོར་ཐུབ་པ་བྱེད་དགོས།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པར། ང་ཚོ་ཚང་མའི་རྒྱབ་སྐྱོར་དང་གཞོགས་འདེགས་དང་ཁ་འབྲལ་ཐབས་མེད། སྤྱི་གསར་དུས་ཆེན་བཏང་ཚར་བས་རང་ལྗོངས་སུ་ཕྱིར་ལོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བོད་ཀྱི་ལོ་གསར་འཆར་ལ་ཉེ་བས་བོད་ནས་འགྲོ་འོང་བྱེད་མཁན་སྔར་བས་མང་དུ་འགྲོ་སྲིད། དེར་བརྟེན། བོད་ཀྱི་ལོ་གསར་རིང་། ལྗོངས་ཕྱིར་སྐྱོད་པའམ་ཕྱི་ནས་བོད་དུ་ལོག་ཡོང་མཁན་ཚང་མས་རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)ཁག་གི་རིམས་འགོག་སྲིད་ཇུས་གསར་པར་བརྩི་སྲུང་ནན་པོ་ཞུ་བ་དང་རིམས་འགོག་ལས་དོན་ལ་གཞོགས་འདེགས་བྱས་ཏེ། འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། འདུ་འཛོམས་ཉུང་ཙམ་བྱེད་པ་དང་། ལག་པ་ཡང་སེ་འཁྲུ་བ། ཁ་རས་རྒྱག་པ། སྤྱི་པའི་ཁོའེ་ཙེ་སྤྱོད་པ་སོགས་འཕྲོད་བསྟེན་གྱི་གོམས་གཤིས་མཐའ་འཁྱོངས་ཀྱིས་རང་ཉིད་དང་ནང་མི་ཚང་མ་བདེ་ཐང་ཡོང་བར་བྱས་ནས་བདེ་ཐང་འཆམ་མཐུན་གྱི་ཁོར་ཡག་བཟང་པོ་མཉམ་དུ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།