མཚར་སྡུག་བཀྲ་བའི“དཔྱིད་འགོའི་མེ་ཏོག་ཆུང་ཆུང་”
འདི་ནི་སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་2020ལོའི་ནང་མ་སྟོད་གཞས་འཛིན་གྲྭའི་སློབ་མའི་མཉམ་པར་ཡིན་པ།
འདི་ནི“དཔྱིད་འགོའི་མེ་ཏོག་ཆུང་ཆུང”གི་བྱ་དགའ་ཐོབ་པའི་ལོ་ཆུང་ལྷ་མོ་བ་སྐལ་བཟང་རྒྱལ་མཚན་ཡིན་པ།
འདི་ནི་སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་2020ལོའི་ཞབས་བྲོ་འཛིན་གྲྭའི་སློབ་མ་ཞིག་གིས་སྦྱོང་བརྡར་བྱེད་བཞིན་པ།
འདི་ནི་སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་སློབ་མས་སྒྲ་སྙན་དཀྲོལ་སྟངས་སྦྱོང་བཞིན་པ།
འདི་ནི་སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་སློབ་མས་ལུས་སྦྱོང་བྱེད་བཞིན་པ།
འདི་ནི་སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་ལྷ་མོའི་བློ་འབྱེད་འཛིན་གྲྭའི་སློབ་མ་ཡིན་པ།
2021ལོའི་ལོ་མཇུག་ཏུ་ལྷ་མོ་བ་ཚོས་ལྷ་མོ་འཕེལ་རྒྱས་ཀྱི་ཟིན་ཐོ་དང་ལྷ་མོའི་ལོ་རྒྱུས་དེབ་ཐེར་ནང་བཀོད་ཆོག་ཅེས་གླེང་བའི་བཀྲ་ཤིས་པའི་བྱ་བ་ཞིག་བྱུང་ཡོད། “ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ཆུང་ཆུང་གི་ལྷན་འཛོམས”བྱེད་སྒོ་སྐབས་25པའི་ཐོག་སྐལ་བཟང་རྒྱལ་མཚན་ལ“དཔྱིད་འགོའི་མེ་ཏོག་ཆུང་ཆུང”གི་གཟི་བརྗིད་མཚན་སྙན་ཐོབ་ནས། རྒྱལ་ཡོངས་ལོ་ཆུང་བྱིས་པའི་ཟློས་གར་སྒྱུ་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་པའི་བོད་ཀྱི་གཞོན་ནུ་ལོ་ཆུང་ཞིག་རེད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་མཉམ་སྡེབ་ལེ་ཚན་ལྷ་མོ《འཆམ་མཐུན་གྱི་ཞིང་ཁམས》དང་ནང་མ་སྟོད་གཞས《གནས་མཆོག་ལྷ་ས》ལ“དཔྱིད་འགོའི་མེ་ཏོག་ཆུང་ཆུང་གི་མཉམ་སྡེབ་ལེ་ཚན”གྱི་བྱ་དགའ་ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ཟློས་གར་མཁས་ཅན་མཐུན་ཚོགས་ལ“ཕུལ་བྱུང་རྩ་འཛུགས་ཚན་པ”ཡི་མཚན་སྙན་ཐོབ།
“ཀྲུང་གོའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་བྱ་དགའ་ནི་རྒྱལ་ཁབ་རིམ་པའི་ཟློས་གར་སྒྱུ་རྩལ་གྱི་བྱ་དགའ་མཐོ་ཤོས་དེ་ཡིན་པ་དང་། ‘དཔྱིད་འགོའི་མེ་ཏོག་ཆུང་ཆུང’ནི་རྒྱལ་ཁབ་རིམ་པའི་ཟློས་གར་སྒྱུ་རྩལ་གྱི་བྱ་དགའ་མཐོ་ཤོས་ཀྱིས་ཆེད་མངགས་ཟློས་གར་ལ་མཁས་པའི་ཕུལ་བྱུང་གཞོན་ནུ་ལོ་ཆུང་ལ་དམིགས་ནས་བཙུགས་པའི་བྱ་དགའ་ཞིག་རེད”ཅེས་རང་སྐྱོང་ལྗོངས་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་། ཀྲུང་གོ་ཟློས་གར་མཐུན་ཚོགས་ཀྱི་ལས་འཛིན། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་དཔལ་ལྡན་དབང་ཕྱུག་གིས་བརྗོད་ཅིང་། ཁོང་གིས“‘དཔྱིད་འགོའི་མེ་ཏོག་ཆུང་ཆུང’གི་བྱ་དགའ་ཐོབ་པའི་སྐལ་བཟང་རྒྱལ་མཚན་དང་སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་འཁྲབ་སྟོན་པ་ཆུང་ཆུང་ཚོས་ལྷ་མོའི་སྒྱུ་རྩལ་གྱི་རྒྱུན་བསྐྱངས་ནས་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བཞིན་ཡོད”ཅེས་བརྗོད།
རལ་གྲི་རྣོན་པོ་བརྡར་ནས་བྱུང་། མེ་ཏོག་བྱ་དགའ་འབད་ནས་ཐོབ།
“དཔྱིད་འགོའི་མེ་ཏོག་ཆུང་ཆུང”གི་བྱ་དགའ་ཐོབ་པའི་སྐལ་བཟང་རྒྱལ་མཚན་མིག་སྔར་ལྷ་སར་དམའ་འབྲིང་འགྲིམ་བཞིན་ཡོད། ཁོ་པ“ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ཆུང་ཆུང་གི་ལྷན་འཛོམས”བྱེད་སྒོ་སྐབས་25པར་ཞུགས་སྐབས་ལོ་12ལ་སླེབས་པའི་ལོ་རིམ་དྲུག་པའི་སློབ་མ་ཞིག་རེད།
སྐལ་བཟང་རྒྱལ་མཚན་ནི་ལྷ་མོ་བ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ཁོ་པའི་ཕ་དངོས་གྲུབ་དང་མ་སྐལ་བཟང་གཡང་ལགས་གཉིས་ཀ་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ལྷ་མོ་བ་རེད། ཁོང་གཉིས་ཀྱིས་ལྷ་མོ་འཁྲབ་ནས་ད་བར་བགྲང་བྱ་30ལྷག་ཙམ་སོང་བ་མ་ཟད། ལྷ་མོའི་མི་སྣ་གྲགས་ཅན་མང་པོ་གསར་བཞེངས་བྱས་ཡོད།
སྐལ་བཟང་རྒྱལ་མཚན་མངལ་དུ་ཡོད་སྐབས་ལྷ་མོ་བ་མཁས་ཅན་ཡིན་པའི་ཕ་མ་གཉིས་པོས་རྟག་ཏུ་ཁོང་ལ་ལྷ་མོའི་སྒྲ་གདངས་སྙན་མོ་ཉན་དུ་བཅུག་གི་ཡོད།
དངོས་གྲུབ་དང་སྐལ་བཟང་གཡང་ལགས་བཟའ་ཚོ་གཉིས་ཀྱིས་སྐལ་བཟང་རྒྱལ་མཚན་ལ་ལྷ་མོའི་རྔ་ཐོག་མ་དེ་ཉོས་པ་མ་ཟད། ཁོ་པར་ལྷ་མོ་འཁྲབ་རྩལ་སྟབས་བདེ་ཁག་གཅིག་སློབ་འགོ་བརྩམས། ཁྱིམ་ཚང་གི་བློ་འབྱེད་དང་ཤུགས་རྐྱེན་བཟང་པོའི་འོག སྐལ་བཟང་རྒྱལ་མཚན་གྱི་ལྷ་མོ་འཁྲབ་རྩལ་སྔར་བས་བྱང་ཆུབ་ཏུ་ཕྱིན་ཞིང་། དགེ་རྒན་དངོས་སུ་མ་བསྟེན་གོང་། ཁོ་པས་སྲོལ་རྒྱུན་གྱི་ལྷ་མོའི་རྔ་སྦུག་ལ་སོགས་སྟབས་བདེའི་རོལ་མོ་དཀྲོལ་ཤེས་པ་མ་ཟད། སྲོལ་རྒྱུན་གྱི་ལྷ་མོའི་གཞུང་བཤད་པ་དང་རྣམ་ཐར་ལེན་ཞོར་དུ་དེ་མཚུངས་ཀྱི་འཁྲབ་སྟོན་ཡང་ཐུབ་ཀྱི་ཡོད།
ཁོ་པ་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཉེ་འགྲམ་དུ་གནས་པའི་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་སྒོ་རའི་ནང་དུ་སྡོད་ཀྱི་ཡོད། སྐལ་བཟང་རྒྱལ་མཚན་ཆུང་དུས་ནས་ལྷ་མོའི་སྒྱུ་རྩལ་ལ་ཧ་ཅང་དགའ་པོ་ཡོད་པས་སྒོ་རའི་ནང་གི་ཟློས་གར་སྒྱུ་རྩལ་མཁས་ཅན་ཚོས་ཀྱང་དགའ་པོ་བྱེད་ཀྱི་ཡོད། ཁོ་པ་ཡང་སྒོ་རའི་ནང་གི་གྲགས་ཅན་མི་སྣར་གྱུར་ནས་ཚང་མས་ཁོ་པར་དོ་ཁུར་བྱེད་པ་དང་ཆབས་ཅིག་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
2019ལོར་སྐལ་བཟང་རྒྱལ་མཚན་གྱིས“གངས་ལྗོངས་རྔ་པ་མཁས་ཅན”ཞེས་གྲགས་པའི་ལྷ་མོའི་རྔ་རྡུང་མཁས་ཅན་བཀྲ་ཤིས་དབང་རྒྱལ་དགེ་རྒན་དུ་བསྟེན་ནས། ཆེད་མངགས་ཁོང་གི་དྲུང་ནས་ལྷ་མོའི་རྔ་རྡུང་སྟངས་སྦྱངས། དེ་ནས་སླར་ཡང་ལྷ་མོའི་སྒྱུ་རྩལ་མཁས་ཅན་དང་བོད་ཀྱི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་གི་བྱ་དགའ་ཐོག་མར་ཐོབ་མྱོང་བའི་དཔལ་ལྡན་དབང་ཕྱུག་གི་དྲུང་ནས་གཞུང་བཤད་དང་། རྣམ་ཐར། འཁྲབ་སྟངས་སོགས་སྦྱངས།
ཕ་མའི་རྒྱབ་སྐྱོར་དང་རང་ཉིད་ཀྱི་དགའ་ཞེན། དེ་བཞིན་སྒོ་རའི་ནང་གི་ཨ་ཁུ་དང་ཨ་ནེ་ཚོའི་ལྟ་སྐྱོང་འོག་ཁོ་པས་ལྷ་མོའི་སྒྱུ་རྩལ་སྦྱོང་བར་འབད། ཁོམ་པ་ཡོད་རིམ་བཞིན་དུ་རྒན་ལགས་གཉིས་ཀྱི་གཟིམ་ཁང་དུ་འགྲོ་བ་དང་། ཁོང་གཉིས་པོའི་དྲུང་ནས་བཀའ་སློབ་རྩེ་གཅིག་ཏུ་ཉན་གྱི་ཡོད། ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་བརྩོན་ལ་བརྟེན་ནས་ཁོ་པར་ཁྱད་དུ་འཕགས་པའི་འཁྲབ་སྟོན་བྱེད་སྟངས་ཤིག་རིམ་གྱིས་གྲུབ་པ་མ་ཟད། ད་དུང་ཁོ་པར“ལྷ་མོའི་བྱིས་པ་རིག་མཆོག”ཅེས་ཀྱང་གྲགས།
“བཀྲ་ཤིས་རྒྱལ་མཚན་གྱིས་གང་སྦྱངས་ཀྱང་ལམ་སེང་ཤེས་ཀྱི་འདུག” སྐལ་བཟང་རྒྱལ་མཚན་གྱི་ལྷ་མོའི་རྔ་རྡུང་དགེ་རྒན་བཀྲ་ཤིས་དབང་རྒྱལ་གྱིས“བོད་ཀྱི་ཕྲུ་གུ་མང་པོ་ཞིག་ལྷ་མོ་དང་ལྷ་མོའི་རྔ་རྡུང་སྒྱུ་རྩལ་ལ་དགའ་པོ་ཡོད། འོན་ཀྱང་སྐལ་བཟང་རྒྱལ་མཚན་ལྟར་ཆུང་དུས་ནས་ཕ་མས་ཁོང་ལ་ལྷན་སྐྱེས་ཀྱི་ཤེས་རབ་ཡོད་པ་ཤེས་ནས་དེ་མུར་ལྷ་མོ་སྦྱོང་ཐུབ་པའི་ཕྲུ་གུ་ཧ་ཅང་ཉུང་ཉུང་རེད”ཅེས་བཤད། སྐལ་བཟང་རྒྱལ་མཚན་ལ་ལྷན་སྐྱེས་ཀྱི་ཤེས་རབ་ཡོད་པ་ཙམ་མིན་པར་ད་དུང་ཁོ་པར་དཀའ་སྤྱད་སྙིང་རུས་ཀྱི་གཤིས་རྒྱུད་བཟང་པོ་ཞིག་འཇགས་ཡོད། ཁྱིམ་ཚང་གི་ཁོར་ཡུག་དང་ཕ་མའི་རྒྱབ་སྐྱོར། དེ་བཞིན་རང་ཉིད་ཀྱང་ལྷ་མོར་དགའ་པོ་ཡོད་པས་ལྷ་མོ་སྦྱོང་བའི་ཆ་རྐྱེན་མཐའ་དག་ཁོ་པར་འཛོམས་ཡོད”ཅེས་བཤད།
“ངའི་བསམ་པར‘མེ་ཏོག་བྱ་དགའ་འབད་ནས་ཐོབ’ཅེས་པའི་སྐད་ཆ་དེ‘དཔྱིད་འགོའི་མེ་ཏོག་ཆུང་ཆུང’གི་བྱ་དགའ་ཐོབ་པའི་སྐལ་བཟང་རྒྱལ་མཚན་དང་ཁོང་ཚོའི་ཕ་མར་སྦྱར་ན་འཚམ་ཤོས་རེད་འདུག གང་ལགས་ཤེ་ན། དཀའ་སྤྱད་སྡུག་རུས་བཟོད་ཐུབ་པས་གཞན་ལས་ལྷག་པའི་ལྷ་མོའི་སྒྱུ་རྩལ་གྱི་སྦྱོང་བརྡར་དང་ཤུགས་རྐྱེན་བཟང་པོ་ཐེབས་ཡོད”ཅེས་དཔལ་ལྡན་དབང་ཕྱུག་གིས་བརྗོད།
“དཔྱིད་འགོའི་མེ་ཏོག་ཆུང་ཆུང”སྐལ་བཟང་རྒྱལ་མཚན་གྱིས“ཕ་མ་དང་དགེ་རྒན་ཚོས་ཆུང་དུས་ནས་སློབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། སློབ་གྲྭས་ང་ལ་གོ་སྐབས་དང་སྡིངས་ཆ་འདི་འདྲ་གནང་བ་མ་ཟད། ད་དུང་ང་ལ་མི་བྱེད་སྟངས་དང་རིག་གནས་ཤེས་བྱ་མང་པོ་བསླབས་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་འཚར་ལོངས་ཀྱི་ངོས་ནས་བརྗོད་ན་དེ་དག་ཚང་མ་ནི་རིན་ཐང་བྲལ་བའི་རྒྱུ་ནོར་ཞིག་རེད”ཅེས་བཤད།
རྒན་ཡོལ་ཞུས་ཀྱང་སེམས་ནུས་བཏོན། བློ་གསར་སྐྱོང་བའི་ལས་ལ་གཞོལ།
སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་2019ལོའི་ཟླ་1ཚེས་2ཉིན་དངོས་སུ་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས་རིན་པ་མི་དགོས་པར་གཉེར་སྐྱོང་བྱས་པ་རེད།
སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་གཉེར་སྐྱོང་འགན་འཁུར་བ་འཛོམས་སྐྱིད་ཀྱིས་ལྟེ་གནས་དེའི་བུ་མོ་ཆུང་ཆུང་ཞིག་དང་ལྷ་མོའི་སྒྱུ་རྩལ་དབར་གྱི་གཏམ་རྒྱུད་ང་ཚོར་མཉམ་སྤྱོད་བྱས་བྱུང་། དེ་ཡང་། 2019ལོར་བྱེད་སྒོའི་ལྟེ་གནས་གཉེར་སྐྱོང་གི་དུས་འགོར་ལྷ་མོ་དང་ནང་མ་སྟོད་གཞས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་མེད་པ་དང་། “ལོ་དེར་བྱེད་སྒོའི་ལྟེ་གནས་ཀྱིས‘དྲུག་གཅིག’བྱིས་པའི་དུས་ཆེན་གྱི་བྱེད་སྒོ་སྤེལ་རིང་། ལྟེ་གནས་སུ་ཞབས་བྲོ་སྦྱོང་བཞིན་པའི་ལོ་6ལ་སླེབས་པའི་བུ་མོ་ཞིག་གིས་ཁོ་མོ་གཞས་གཏོང་འདོད་ཡོད་ཚུལ་བརྗོད་བྱུང་། ང་ཚོས་ཀྱང་ཁོ་མོའི་རེ་བ་དེ་བསྒྲུབས་པ་ཡིན། སྐབས་དེར་ཁོ་མོས་ལྷ་མོའི་རྣམ་ཐར་དུམ་བུ་ཞིག་བཏང་སོང་། མ་གཞི་དུས་ཚོད་སྐར་མ་གཅིག་ཀྱང་འགོར་མེད་རུང་། སེམས་གཏིང་ནས་བཅངས་པའི་ཁོ་མོའི་ལྷ་མོ་སྦྱོང་འདོད་ཀྱི་རེ་སྒུག་དེ་མཐོང་བྱུང”ཞེས་བཤད།
བུ་མོ་ཆུང་ཆུང་དེར་ལྷ་མོའི་སྒྱུ་རྩལ་སྦྱོང་འདོད་ཀྱི་འདུན་པ་དྲག་པོ་ཡོད་པས་འཛོམས་སྐྱིད་དང་ཁོང་གི་ཚོགས་པས་སྟོད་ལུང་བདེ་ཆེན་ཆུས་ནས་ལྷ་མོའི་དགེ་རྒན་འཚོལ་འགོ་ཚུགས།“སློབ་སྦྱོང་གི་སྤྲོ་བ་རབ་ཏུ་འཕེལ་བར་བྱེད་པར་སྤྲོ་སེམས་ཆེ་བའི་མི་ཞིག་ནི་འཁྲབ་རྩལ་རྩེར་སོན་དང་ཤེས་རྒྱ་ཡངས་པའི་དགེ་རྒན་ཞིག་ལས་ཀྱང་ལྷག་པ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྒན་འཕྲིན་ལས་རྡོ་རྗེ་དང་རྒྱལ་མཚན་གཉིས་དེ་ལྟར་ང་ཚོའི་ཚོགས་པར་ཞུགས་པ་རེད”ཅེས་བཤད།
འཕྲིན་ལས་རྡོ་རྗེ་ནི་དགའ་གདོང་ལྷ་མོ་ཚོགས་པའི་ཚོགས་གཙོ་རེད་ལ། བོད་ཀྱི་དམངས་ཁྲོད་ལྷ་མོ་ཚོགས་པའི་ནང་ཀུན་གྱིས་གོ་ཐོས་ཆེ་བའི་ལྷ་མོའི་སྒྱུ་རྩལ་མཁས་ཅན་ཞིག་ཀྱང་རེད། རྒྱལ་མཚན་ནི་རྒན་ཡོལ་ཞུས་པའི་དགེ་རྒན་དང་ལྷ་མོ་འཁྲབ་རྒྱུར་དགའ་བའི་སྡེ་ཁུལ་གྱི་སྒྱུ་རྩལ་མཁས་ཅན་ཞིག་རེད། ཁོང་གིས་རང་ཉིད་སྡོད་སའི་སྡེ་ཁུལ་དུ་རང་འགུལ་ངང་རྒན་རྒོན་གྱི་རོལ་ཚོགས་ཤིག་བཙུགས་ཡོད།
འཛོམས་སྐྱིད་ཀྱིས“བྱེད་སྒོའི་ལྟེ་གནས་ཀྱི་ལྷ་མོ་དང་ནང་མ་སྟོད་གཞས་ཀྱི་འཛིན་གྲྭར་རྒན་འཕྲིན་ལས་རྡོ་རྗེ་དང་རྒྱལ་མཚན་གཉིས་ཀྱིས་མཛུབ་ཁྲིད་བྱེད་ཀྱི་ཡོད། དང་ཐོག་མར་འཛིན་གྲྭར་མི་10ཡང་མེད། འོན་ཀྱང་ལོ་གཉིས་རྒྱུན་འཁྱོངས་བྱས་པ་བརྒྱུད། ད་ཆ་བྱེད་སྒོའི་ལྟེ་གནས་ཀྱི་ཀུན་གྱིས་སྦྱོང་འདོད་བྱེད་པའི་སློབ་ཚན་ལ་གྱུར་ཡོད། སློབ་མ་ཚོས་འཁྲབ་སྟོན་བྱས་པའི་ལེ་ཚན་ལའང་ད་ཐེངས‘དཔྱིད་འགོའི་མེ་ཏོག་ཆུང་ཆུང་གི་མཉམ་སྡེབ་ལེ་ཚན’གྱི་བྱ་དགའ་གཉིས་ཐོབ་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣