དབུ་ཤོག
  • བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-26

    ཟླ་2ཚེས་23ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་རང་ལྗོངས་ཀྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་གྲོལ་རྗེས། ཁྲེན་ཡུང་ཆིས་འཕྲལ་མར་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཁྲེན་ཡུང་ཆིས་དེང་སྐབས་རྒྱལ་སྤྱིའི་རིམས་ནད་གནས་ཚུལ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པ་དང་། རྒྱལ་ནང་དུ་ས་ཆ་མང་པོར་ཁྱབ་པའི་རྣམ་པ་མངོན་པ། རང་ལྗོངས་སུ་དུས་ཆེན་དང་ཚོགས་འདུ་གལ་ཆེན་དང་། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས། སློབ་མ་སློབ་འགོ་ཚུགས་པ་བཅས་དང་དེ་བཞིན་ཉེ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ནད་ཡམས་ལས་བྱུང་བའི་གནོན་ཤུགས་ཅུང་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚུགས་གནས་མཐོ་རུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་།  འཕྲད་པའི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ་ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་སྐྱེ་བ། སྟེས་དབང་གི་བསམ་བློ་བཅས་མཐའ་གཅིག་ཏུ་ཁྱད་བསད་དང་། ཕྱི་ཟོན་དང་སྔོན་འགོག་ལ་དམ་འཛིན་ནན་པོ་བྱེད་པ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། མུ་མཐུད་ཚན་རིག་དང་མཐུན་ལ་གནད་སྨིན་དང་ཏན་ཏིག་གི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་ཏན་ཏིག་གཏོང་དགོས་ཞེས་བསྟན་པ་རེད།

    ཁྲེན་ཡུང་ཆིས་རང་འགུལ་ངང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་དགོས། གཙོ་གནད་ཁུལ་དང་གཙོ་གནད་མི་སྣར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་བཏང་ནས་རྒྱག་དགོས་རིགས་ཚང་མར་རྒྱག་ཐུབ་པ། ལག་པ་ཡང་ཡང་འཁྲུ་བ་དང་། ཁ་རས་རྒྱག་པ། རྒྱུན་དུ་རླུང་འགྲོ་ཡག་པོ་ཡོད་པ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ། གནས་གཏན་འཁེལ་གྱི་སྨན་ཁང་དང་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་གི་སྨན་བཅོས་ནུས་པ་ཆེ་རུ་གཏོང་བ། ཆེད་མིས་འགན་འཁུར་བ་དང་ཁྱོན་ཡོངས་ཀྱི་དོ་དམ་ལམ་སྲོལ་དོན་འཁྱོལ་བྱས་ནས་ལས་རེས་ལ་ཤུགས་སྣོན། ཚོགས་འདུ་དང་དུས་སྟོན་སོགས་ཀྱི་བྱེད་སྒོར་ཞིབ་བཤེར་ཆོག་མཆན་འགོད་པའི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གཅིག་བསྡུས་ཀྱི་ཉེན་ཁ་ཆུང་དུ་གཏོང་བ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་འགོག་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཉེན་ཡོད་མི་སྣར་གནད་སྨིན་དོ་དམ་ཚོད་འཛིན་བྱེད་པ་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན། དོ་དམ་ཚོད་འཛིན་ལ་གཞོགས་འདེགས་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མགྱོགས་མྱུར་དང་ལེན་ཐུབ་པ། “སྔ་ཙམ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་རང་འགུལ་ངང་ཉིང་སྐྱུར་བརྟག་དཔྱད་ལ་ཤུགས་སྣོན་རྒྱག་པ། རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་ཐབས་ཇུས་འགོད་པའི་དཔྱད་གཞི་མཁོ་འདོན་བྱེད་པ། གནད་དོན་མ་ཐོན་གོང་ནས་འཕྲལ་སྒྲུབ་དང་ཐོལ་བྱུང་གྲ་སྒྲིག་དང་ནང་སྦྱོང་ཡག་པོ་བྱེད་པ། རིམས་འགོག་དངོས་རྫས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་འགོག་དངོས་རྫས་འདང་ངེས་དང“འབྲུ་རིགས”དང“ཤ་ཚལ་སྒོང་གསུམ”གྱི་བདེ་འཇགས་མཐའ་གཅིག་ཏུ་འགན་ལེན་བྱེད་པ། མང་ཚོགས་ཀྱི་གླེང་ཕྱོགས་ལ་ལྟ་ཞིབ་ཚད་ལེན་དང་། གསར་འགྱུར་ཡོངས་བསྒྲགས། སྲིད་ཇུས་གསལ་འགྲེལ་བཅས་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།