ཞི་བདེ་དང་། མཐུན་སྒྲིལ། ཡར་ཐོན་བཅས་ཀྱི་དུས་རབས་ཀྱི་རོལ་དབྱངས་མཉམ་དུ་རྩོམ་དགོས།
ཟླ་2ཚེས་20ཉིན་གྱི་དགོང་མོ་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་མཇུག་འགྲིལ་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། སྤྲོ་བ་རབ་ཏུ་འཕེལ་བ་དང་ཕན་ཚུན་བྲལ་མི་བཟོད་རྣམ་པའི་ཁྲོད་དུ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་ནས་མཇུག་འགྲིལ་བ་རེད།
འདས་མ་ཐག་པའི་ཉིན་16རིང་། གནའ་ཉམས་དོད་ལ་དེང་རབས་ཀྱི་རྣམ་པས་ཕྱུག་པའི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་དང་། གོ་ལ་ཧྲིལ་པོའི“ཨོ་རྩལ་འགྲན་ཚོགས་ཐེངས་གཉིས་གཉེར་མྱོང་བའི་གྲོང་ཁྱེར”ཐོག་མ་ཡིན་པའི་པེ་ཅིང་གིས། འཛམ་གླིང་ལ་བརྗེད་པར་དཀའ་བའི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་སླར་ཡང་གཉེར་བ་དང་། འཛམ་གླིང་གི་སྐྱེ་བོ་ཀུན་ལ་ཀྲུང་གོ་མི་དམངས་ཀྱི་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་དང་སྟོབས་ཤུགས་སླར་ཡང་མངོན་པར་བྱས་པ། ཨོ་ལིམ་ཕིག་ལུས་རྩལ་གྱི་ངོ་མཚར་གསར་པ་སླར་ཡང་བཏོད་ཡོད།
རྒྱལ་ཁབ་དང་ས་ཁུལ་91དང་། གངས་འཁྱགས་ལུས་རྩལ་པ་3000ཙམ། རྣམ་གྲངས་ཆེ་གྲས་7དང་ཆུང་གྲས་109ལ་སོགས། འདི་ནི་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་དུས་བཀག་ལྟར་གཉེར་བའི་གོ་ལ་ཧྲིལ་པོའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཐོག་མ་དང་། རྣམ་གྲངས་བཀོད་སྒྲིག་དང་གསེར་གྱི་རྟགས་མ་ཐོབ་མང་ཤོས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་རེད། དེས་གངས་འཁྱགས་ལུས་རྩལ་པ་དེ་བས་མང་བར་ཕུགས་འདུན་མངོན་འགྱུར་གྱི་གོ་སྐབས་བསྐྲུན་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་ཞིང་། དེས་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྔམ་བརྗིད་ལྡན་པའི་ཁས་ལེན་བྱས་པ་དག་དོན་ཐོག་ཏུ་འཁྱོལ་བ་བྱས་པ་དང་། རྒྱལ་ཁབ་ཁག་གི་གངས་འཁྱགས་ལུས་རྩལ་པར་རང་ཉིད་ལས་རྣམ་པར་རྒྱལ་བའི་གར་སྟེགས་མཁོ་འདོན་བྱས་པ་མ་ཟད། རིམས་ནད་ཀྱི་དཀའ་ངལ་འཕྲད་པའི་འཛམ་གླིང་ལའང་ཡིད་ཆེས་དང་སྟོབས་ཤུགས་སྦྱིན་ཡོད།
པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་མཛད་སྒོའི་སྔ་ནུབ་ཏུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་ངང་འཛམ་གླིང་ལ་སྟབས་བསྡུས་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་ཐུབ་པ་བྱ་རྒྱུ་ཡིན་ལ། ‘དེ་བས་མྱུར་བ་དང་། དེ་བས་སྤུས་ཚད་མཐོ་བ། དེ་བས་སྟོབས་ལྡན། དེ་བས་མཐུན་སྒྲིལ’བཅས་ཀྱི་ཨོ་ལིམ་ཕིག་གི་ལེགས་བཤད་ལག་བསྟར་བྱ་རྒྱུ་ཡིན”ཞེས་གཟབ་ནན་ངང་གསལ་བསྒྲགས་གནང་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་ཞིང་། ངོ་མཚར་ཆེ་བ་དང་། སྤྱིར་བཏང་མིན་པ། ཁྱད་དུ་འཕགས་པ་བཅས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱི་དོ་སྣང་ཆེན་པོ་དང་གདེང་འཇོག་བཟང་པོ་ཐོབ་པ་དང་། ཨོ་ལིམ་ཕིག་ལུས་རྩལ་གྱི་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་འཛམ་གླིང་གི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།
འདི་ནི་འགྲན་ཟླ་བྲལ་ལ་ངོ་མཚར་ཆེ་བའི་འདུ་ཚོགས་གཟབ་རྒྱས་ཤིག་རེད། འགྲན་རར་ཀྲུང་གོའི་གངས་འཁྱགས་ལུས་རྩལ་པ་ཚོས་སྙིང་རུས་ཆེན་པོས་འབད་བརྩོན་དང་འགྲན་ཕོད་འཐབ་མཁས་བྱས་ནས་གསེར་གྱི་རྟགས་མ་9དང་། དངུལ་གྱི་རྟགས་མ་4 ཟངས་ཀྱི་རྟགས་མ་2བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་བླངས་པ་དང་། ཟིན་ཐོ་གསར་པ་བཏོད་དེ་ཀྲུང་ཧྭའི་བུ་ཕྲུག་ཚོར་འབད་འབུངས་ཡར་བརྩོན་དང་འབད་འཐབ་ལྷོད་མེད་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད།
འདི་ནི་སྤྱིར་བཏང་མིན་པའི་ཁ་ཆད་ཅིག་རེད། རིམས་ནད་ལས་བྱུང་བའི་དཀའ་ངལ་དང་སྟབས་མི་བདེ་བའི་མདུན་དུ། ཀྲུང་གོས་ལྗང་མདོག་དང་། མཉམ་སྤྱོད། སྒོ་དབྱེ། སྤྱོད་གཙང་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་བཅངས་ཏེ་ནུས་ཤུགས་ཡོད་རྒུས་རིམས་ནད་ཀྱི་ཤུགས་རྐྱེན་སེལ་ཐབས་བྱས་ཡོད། “སྟབས་བསྡུས་དང་། བདེ་འཇགས། ངོ་མཚར་ཆེ་བ”བཅས་ཀྱི་འགྲན་བསྡུར་གཉེར་བའི་བླང་བྱ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་ནས། “གདུབ་ཟུམ་གཉིས”ཀྱི་དོ་དམ་ནན་པོ་བྱེད་པའི་བར་དང་། དེ་ནས་ལུས་རྩལ་ཐང་དང་ཁང་གི་རིམས་འགོག་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བའི་བར་དུ་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ། རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱས་ཏེ་འགྲན་བསྡུར་ནང་ཞུགས་མཁན་དང་། འབྲེལ་ཡོད་མི་སྣ། ཀྲུང་གོ་མི་དམངས་བཅས་ཀྱི་བདེ་ཐང་དང་བདེ་འཇགས་འགན་ལེན་ནུས་ལྡན་བཅས་བྱས་ནས་མིའི་རིགས་ཀྱིས་དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་འཛམ་གླིང་ཡོངས་ལ་མངོན་པར་བྱས་ཡོད།
འདི་ནི་རྩེར་སོན་དོན་གཉེར་བྱེད་པའི་ཁྱད་འཕགས་མངོན་པར་བྱས་པ་ཞིག་རེད། ཀྲུང་གོའི་ཇུས་འགོད་དང་། ཀྲུང་གོའི་ལག་རྩལ། ཀྲུང་གོའི་རྒྱུ་ཆ། ཀྲུང་གོས་བཟོས་པ། ཀྲུང་གོའི་བཟོ་སྐྲུན་བཅས་ཀྱིས“འཛམ་གླིང་གི་རྩེ་གྲ”གཅིག་རྗེས་གཉིས་མཐུད་ངང་བཏོད་ཅིང་། རྒྱལ་སའི་ལྕགས་དང་ངར་ལྕགས་ཚོགས་པའི་གངས་ཤུད་མཆོང་སྟེགས་ཆེན་པོས་བཟོ་ལས་ཤུལ་བཞག་ཕྱོགས་སྒྱུར་གྱིས་བསྐྱར་སྤྱོད་བྱས་པ་དང་འགྲན་ར་ཚང་མར་ལྗང་མདོག་གི་གློག་བེད་སྤྱོད་བྱས་ཏེ། ལུས་རྩལ་པས་ཆུ་ཚད་མཐོ་བའི་རྩལ་འགྲན་བྱེད་པར་སྤུས་ཚད་མཐོ་བའི་གར་སྟེགས་ཤིག་མཁོ་འདོན་བྱས་པ་དང་། སྨྱན་སྦྱོར་གཙོ་བོའི་ལྟེ་གནས་ཀྱིས་འཁོར་རྒྱུག་དང་། ཞབས་ཞུ། འགན་ལེན་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་པ་དང་གསར་འགྱུར་ཁག་གཏོང་སྤེལ་དང་། བརྒྱུད་སྐུར། བརྒྱུད་གཏོང་བཅས་ཀྱི་བྱེད་ནུས་བདེ་འཇགས་ངང་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ། ཕྱོགས་ཡོངས་དང་། ཕྱོགས་བསྡུས། གསོན་ཉམས་ལྡན་པ་བཅས་ཀྱི་སྒོ་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་དེ་འཛམ་གླིང་ཡོངས་ལ་བསྟན་རྒྱུར་འདེགས་སྐྱོར་བརྟན་པོ་བྱས་པ། དགུན་དུས་ཨོ་རྩལ་འགྲན་ཚོགས་གྲོང་ཚོས་བདེ་འཇགས་ཆེ་བ་དང་། དྲོ་སྐྱིད་ལྡན་པ། སྐྱིད་སྣང་དོད་པ་བཅས་ཀྱི་རྣམ་པའི་ཐོག་ནས“ལུས་རྩལ་པས་བསམ་བློ་གཏོང་སར་བསམ་བློ་བཏང་བ་དང་ལུས་རྩལ་པའི་དགོས་མཁོ་ཅི་ཡོད”བསྐངས་པ་ལ་སོགས། ཁྱད་འཕགས་བརྩོན་ལེན་དང་ཡག་ཐོག་ཡག་བརྩེགས་ཀྱིས་ཀྲུང་གོས་ནུས་ཤུགས་ཡོད་རྒུས་འགྲན་བསྡུར་ཁག་གི་སྒྲིག་འཛུགས་དང་། འགྲན་ཚོགས་ཞབས་ཞུ། བཀོད་འདོམས་བཀོད་གཏོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས“ཨོ་རྩལ་འགྲན་ཚོགས་ཀྱི་ཚད་གཞི་གསར་པ”བཏོད་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས“གནའ་སྔ་མོ་ནས་བཟུང་ཨོ་ལིམ་ཕིག་ལུས་རྩལ་ནང་མིའི་རིགས་ཀྱིས་ཞི་བདེ་དང་། མཐུན་སྒྲིལ། ཡར་རྒྱས་བཅས་ལ་བཅངས་པའི་མཛེས་སྡུག་དོན་གཉེར་འདུས་ཡོད”ཅེས་བསྟན་གནང་ཡོད། མིག་སྔར་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་དུས་རབས་ཀྱི་རིམས་ནད་ཐོན་ནས། འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་ཆེ་བའི་དུས་སྐབས་གསར་པར་སླེབས་ཏེ་མིའི་རིགས་ལ་འགྲན་སློང་སྣ་ཚོགས་འཕྲད་ཡོད། ཇི་ལྟར་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་དགོས་པ་དང་རིམས་ནད་རྗེས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་པ་འདི་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཞིག་རེད་ལ། ང་ཚོས་ངེས་པར་དུ་ལན་འདེབས་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་བ་དེ་ཐོག་ནས། མིའི་རིགས་གོ་ལ་ཧྲིལ་པོའི་གྲོང་ཚོ་གཅིག་ཏུ་འཚོ་བ་དང་ལས་དབང་གཅིག་ཏུ་དམ་པོར་འབྲེལ་ཡོད་པས་ཛ་དྲག་པའི་འཛམ་གླིང་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ཐོག་དུས་རབས་གསར་པའི“ནུའོ་ཡ་གྲུ་གཟིངས”ནང་སྡོད་པ། ཞི་བདེ་དང་། མཐུན་སྒྲིལ། ཡར་ཐོན་བཅས་ཀྱི་དུས་རབས་ཀྱི་རོལ་དབྱངས་རྩོམ་པ་བཅས་བྱས་ཚེ། གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་པ་སླར་ཡང་ར་སྤྲོད་བྱས་ཡོད།
ང་ཚོས་ཨོ་ལིམ་ཕིག་ལུས་རྩལ་གྱི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་ངེས་ནས་འཛམ་གླིང་གི་ཞི་བདེ་མཉམ་དུ་སྲུང་སྐྱོང་བྱེད་དགོས།
ང་ཚོས་ཨོ་ལིམ་ཕིག་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འགྲན་སློང་ལ་མཐུན་སྒྲིལ་གྱིས་ཁ་གཏད་གཅོག་དགོས།
ང་ཚོས་ཨོ་ལིམ་ཕིག་ལུས་རྩལ་གྱི་དམིགས་ཡུལ་ལག་ལེན་བསྟར་ནས་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།
ཀྲུའུ་ཞི་ཞི་ཅིན་ཕིང་གིས“2008ལོའི‘འཛམ་གླིང་གཅིག་དང་ཕུགས་འདུན་གཅིག’ཅེས་པ་ནས་2022ལོའི’བར་གྱི‘མཉམ་དུ་འབྱུང་འགྱུར་ལ་ཕྱོགས’ཞེས་པའི་བར། ཀྲུང་གོས་ཨོ་ལིམ་ཕིག་ལུས་རྩལ་ནང་ཧུར་ཐག་ཞུགས་པ་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་རྒྱུན་སྲིང་ལྷོད་མེད་ངང་དར་སྤེལ་བཏང་ཡོད། ཀྲུང་གོ་ནི་ཨོ་ལིམ་ཕིག་གི་ཕུགས་བསམ་བློ་རྩ་བརྟན་པོས་དོན་གཉེར་བྱེད་མཁན་དང་བྱ་སྤྱོད་ཐོག་འཁྱོལ་བ་བྱེད་མཁན་ཞིག་ཡིན”ཞེས་བསྟན་གནང་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་ཏེ། མི་རྣམས་ཀྱིས་ཨོ་ལིམ་ཕིག་ལུས་རྩལ་ལ་བཅངས་པའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་པ་དང་། མི་དེ་བས་མང་བར་གངས་འཁྱགས་ལུས་རྩལ་ལ་སེམས་ཁུར་དང་། དགའ་ཞེན། དེའི་ནང་ཞུགས་པ་བཅས་བྱ་རྒྱུའི་སྐུལ་ཁྲིད་བྱས་པ། འཛམ་གླིང་ལ་ཉི་འོད་དང་། འབྱོར་ཕྱུག སྒོ་དབྱེ། རེ་བས་ཁེངས་པ་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་མངོན་པར་བྱས་པ། གོ་ལ་ཧྲིལ་པོའི་གངས་འཁྱགས་ལུས་རྩལ་གྱི་འཕེལ་རྒྱས་ལ་དེ་བས་ཡངས་བའི་བར་མཐོངས་བཏོད་པ། ཨོ་ལིམ་ཕིག་ལུས་རྩལ་གྱི་འཕེལ་རྒྱས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་བརྒྱུད་སྤེལ་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྱོང་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་མཁན་བཅས་བྱས་ནས་ལོ་རྒྱུས་ཀྱི་འཁོར་ལོ་འོད་ཟེར་སྟོང་ལྡན་གྱི་ཕྱོགས་སུ་འཁོར་བར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་ཨོ་ལིམ་ཕིག་བྱ་གཞག་ལ་མུ་མཐུད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།
སྐྱེ་དངོས་ཐམས་ཅད་མཆེ་བ་འབུས་ནས་གསོན་ཤུགས་རྒྱས་འགོ་ཚུགས་པའི་དུས་འདིར། ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་གཉེར་བར་སྤོབས་སེམས་ཀྱིས་ཁེངས་བཞིན་ཡོད་ལ། ལོ་བཞིའི་རྗེས་ཀྱི་ཁ་ཆད་ལའང་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། ང་ཚོས་ཨོ་ལིམ་ཕིག་གི་ཕུགས་འདུན་རླབས་པོ་ཆེ་མཉམ་སྤྱོད་དང་ཐུན་མོང་ཐོག་ཨོ་ལིམ་ཕིག་གི་གཟི་བརྗིད་རླབས་པོ་ཆེ་བཏོད་ནས། མཉམ་དུ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣