དབུ་ཤོག
  • ཚོང་པས་དངུལ་སྨར་མ་བླངས་ན་ཁྲིམས་འགལ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-02-14

    ཉེ་བའི་ལོ་ཤས་རིང་། སྐད་འཕྲིན་དང་གཏོང་སྤྲོད་འབོ་སོགས་དངུལ་སྨར་མིན་པའི་གཏོང་སྤྲོད་བྱེད་སྟངས་དར་ཁྱབ་བྱུང་བ་དེས་ཚོང་པ་འགའ་ཞིག་གིས་མི་དམངས་ཤོག་སྒོར་དང་དེ་བཞིན་དངུལ་ཊམ་མི་ལེན་པའི་སྣང་ཚུལ་ཐོན་གྱི་ཡོད། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ནས་མི་དམངས་ཤོག་སྒོར་དང་། དེ་བཞིན་དངུལ་ཊམ་འགྲོ་རྒྱུག་གི་ཁོར་ཡུག་སྔར་བས་ཚད་ལྡན་དུ་གཏོང་ཆེད། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཉམ་དུ་དངུལ་སྨར་མི་ལེན་པའི་རིགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། རང་ལྗོངས་སུ་མི་དམངས་ཤོག་སྒོར་དང་། དེ་བཞིན་དངུལ་ཏྲམ་མི་ལེན་པའི་བྱེད་སྤྱོད་ལ་ཐག་གཅོད་ནན་པོ་བྱས་པ་རེད།

    1.ན་ནིང་རང་ལྗོངས་ཀྱིས་དངུལ་སྨར་མི་ལེན་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཁག་11ཐག་གཅོད་བྱས་པ།

    དངུལ་སྨར་མིན་པའི་གཏོང་སྤྲོད་བྱེད་སྟངས་རྒྱུན་ཆད་མེད་པར་དར་ཁྱབ་བྱུང་བ་དང་ཆབས་གཅིག་དངུལ་སྨར་མི་ལེན་པའི་སྣང་ཚུལ་ཐོན་འགོ་ཚུགས་ཡོད། 2021ལོའི་ཟླ་1ཚེས་7ཉིན། ཨ་ཅག་ཐན་ལགས་ཀྱིས་ལྷ་སའི་སྤུས་ལེགས་ཐོན་རྫས་སྒོ་རྩིས་ཚོང་ཁང་ནས་ཅ་དངོས་ཉོ་སྐབས་ཚོང་པས་དངུལ་ཊམ་མ་བླངས་པས་ཨ་ཅག་ཐན་ལགས་ཁོང་ཁྲོ་ལངས་ཤིང་། ཁོང་གིས་“དངུལ་ཊམ་ཡང་རང་རྒྱལ་གྱི་ཁྲིམས་གཏན་འཁེལ་བའི་དངུལ་ལོར་ཞིག་ཡིན་པས་ཁྱེད་ཚོས་མི་ལེན་པའི་རྒྱུ་མཚན་གང་ཡིན་ནམ”ཞེས་ལྡོག་འདྲི་བྱས།  

    1.jpg

    གསར་འགོད་པར་ཤེས་རྟོགས་བྱུང་བར། 2021ལོར་མང་ཚོགས་ཀྱི་ཐེར་འདོན་ལ་གཞིགས་ནས། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་སྨར་མི་ལེན་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཁག་11ཐག་གཅོད་བྱས་པ་རེད། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་དོན་མི་སྣས་འཕྲལ་མར་ས་གནས་ས་ཐོག་ཏུ་ཞིབ་ཕྲའི་གནས་ཚུལ་ཞིབ་དཔྱད་བྱེད་པར་བསྐྱོད་དེ་དངུལ་སྨར་མི་ལེན་མཁན་གྱི་ཚོང་པར་མི་དམངས་ཤོག་སྒོར་འགྲོ་རྒྱུག་གི་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་མ་ཟད། འབྲེལ་ཡོད་འགན་འཁུར་བ་སྐོང་འདྲི་བྱས་ཏེ་ཁོང་ཚོར་དྲིལ་བསྒྲགས་སློབ་གསོ་བརྒྱབ་ནས་མི་དམངས་ཤོག་སྒོར་མི་ལེན་པའི་ཁྲིམས་འགལ་རང་བཞིན་དང་གནོད་འཚེའི་རང་བཞིན་ངོས་འཛིན་ཐུབ་པ་བྱས་པ་རེད།

    2.jpg

    2.ཁྲིམས་གཏན་འཁེལ་བའི་དངུལ་ལོར་མི་ལེན་པའི་རིགས་ཁྲིམས་འགལ་གྱི་བྱེད་སྤྱོད་ཁོངས་སུ་གཏོགས།

    མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོ་མི་དམངས་དངུལ་ཁང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཤོག་སྒོར་དོ་དམ་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། མི་དམངས་ཤོག་སྒོར་ནི་མི་དམངས་དངུལ་ཁང་གིས་ཁྲིམས་ལྟར་འགྲེམས་སྤེལ་བྱས་པའི་ཁྲིམས་གཏན་འཁེལ་བའི་དངུལ་ལོར་ཡིན་པ་དེའི་ནང་ཤོག་སྒོར་དང་དངུལ་ཊམ་ཚུད་ཡོད། བོད་ཀྱིས་དངུལ་ལོར་འགྲེམས་སྤེལ་དང་འགྲོ་རྒྱུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྲིད་ཇུས་རྒྱལ་ཡོངས་དང་དུས་མཉམ་དུ་ལག་བསྟར་བྱེད་བཞིན་ཡོད་པས་དམིགས་བསལ་རང་བཞིན་གང་ཡང་མེད། མི་དམངས་ཤོག་སྒོར(དེའི་ནང་ཤོག་སྒོར་དང་དངུལ་ཊམ་ཚུད་ཡོད)དེ་རང་རྒྱལ་གྱི་ཁྲིམས་གཏན་འཁེལ་བའི་དངུལ་ལོར་ཡིན་པའི་ངོས་ནས་གཏོང་སྤྲོད་ཁྱབ་ཁོངས་ཀྱི་ཁྲིམས་གཏན་འཁེལ་བའི་གནས་བབ་ལ་སྔར་བཞིན་འགྱུར་བ་གང་ཡང་མེད་པས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ནང་གི་ཚན་པ་དང་མི་སྒེར་གང་རུང་ཞིག་གིས་དངུལ་སྨར་མ་བླངས་ཚེ། དེ་ནི་ཁྲིམས་འགལ་གྱི་བྱེད་སྤྱོད་ཞིག་རེད།

    3.ཐེར་འདོན་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་ཐེར་འདོན་བྱེད་ཆོག

    ཀྲུང་གོ་མི་དམངས་དངུལ་ཁང་གིས《དངུལ་སྨར་མི་ལེན་རིགས་བཅོས་སྒྲིག་ཀྱི་ལས་ཀའི་ཁྲིད་སྟོན》སྔར་བས་བཟོས་ཏེ་དངུལ་སྨར་མི་ལེན་པའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ངོ་བོ་གཏན་འཁེལ་དང་། དེ་བཞིན་ཆད་གཅོད་ཀྱི་ཚད་གཞིའི་གཏན་འབེབས་ཁ་གསལ་བཟོས་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས《དངུལ་སྨར་མི་ལེན་རིགས་བཅོས་སྒྲིག་ཀྱི་ལས་ཀའི་ཁྲིད་སྟོན》གྱི་གཏན་འབེབས་ལ་གཞིགས་ནས། རྒྱ་ཆེའི་མང་ཚོགས་ལ་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་དངུལ་སྨར་མི་ལེན་པའི་བྱེད་སྤྱོད་ཐེར་འདོན་གྱི་ཁ་པར་ཨང་གྲངས་མཁོ་འདོན་བྱས་ཡོད། 

    3.jpg

    རྒྱ་ཆེའི་སྤྱི་དམངས་ལ་དངུལ་སྨར་མི་ལེན་པའི་ཁྲིམས་འགལ་བྱེད་སྤྱོད་འཕྲད་ཚེ། ཁ་པར་ཨང་གྲངས་0891-6323198བརྒྱབ་ནས་ཐེར་འདོན་བྱེད་ཆོག་པ་དང་། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ཀྱང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལྟེ་གནས་ཀྱི་ཐེར་འདོན་ཁ་པར་ཨང་གྲངས་12363བརྒྱབ་ནས་ཐེར་འདོན་གོང་ཞུ་བྱེད་ཆོག

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།