དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་ཡར་བརྩོན་གྱིས་སེམས་པ་གཅིག་ཏུ་བསྒྲིལ། ནུས་སེམས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-10

    ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག བོད་ཀྱིས་སྔ་ཕྱི་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་དུ་བསྐྱོད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བོད་སྐྱོང་བོད་བརྟན་དང་བོད་དར་གྱི་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ལ་ཁྱབ་པ་བྱས་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་ཤིག་ཆགས་པར་བྱས་ཡོད།

    ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་རྣམས་གཅིག་སེམས་གཅིག་ཏུ་བསྒྲིལ་བ་དང་གཅིག་ལ་གཅིག་བརྟེན་ཡོང་བར་སྐུལ་འདེད་གཏོང་བ།

    རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པའི་བོད་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ལྷོ་པ་རིགས། མོན་པ་རིགས་སོགས་མི་རིགས་40ལྷག་ཙམ་འཚོ་སྡོད་བྱེད་ཀྱི་ཡོད།

    མི་རིགས་ཁག་གི་མི་དམངས་རྣམས་ཁྱིམ་ཚང་གཅིག་ལྟར་མཛའ་ཞིང་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་རྩ་བའི་འགན་ལེན་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་བོད་ཀྱི་སྤྱི་ཡོངས་ལས་དོན་གྱི་དམིགས་བསལ་གནས་བབ་ཐོག་འཇོག་གནང་ནས“བོད་ཀྱི་ལས་དོན་སྒྲུབ་པར་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་འཛིན་ས་དང་ཤུགས་རྒྱག་སར་བྱེད་དགོས”ཞེས་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་མང་ཙམ་སྤྱོད་དགོས”ཞེས་ནན་བཤད་གནང་ཡོད།

    ལོ་ལྟར་གྱི་ཟླ་9པ་ནི་རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ”རེད། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་ཁང་དུ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ཤུགས་ཆེན་བྱེད་པ་སོགས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བསམ་བློ་འདུ་ཤེས་དང་འཚོ་བ་སྐྱེལ་སྟངས་ཐད་མི་རིགས་ཁག་གི་མང་ཚོགས་རྣམས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་མི་རིགས་ཁག་མི་སེམས་གཅིག་སྒྲིལ་དང་བློ་ཁ་གཅིག་གཏད་ཡོང་བར་བྱས་ཡོད།

    འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་དབར་གྱི་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་ལ་སྐུལ་འདེད་གཏོང་བ།

    2021ལོའི་ཟླ་7པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་བོད་ལྗོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་ཞིག་དང་། བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་མཉམ་དུ་བརྩམས་པ་ཞིག་ཡིན་པས། བོད་རིགས་དང་མི་རིགས་གཞན་དག་དབར་གྱི་སྤེལ་རེས་དེ་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་མགོ་ནས་འཇུག་བར་ཁྱབ་ཡོད་ཅེས་གསུངས་པ་རེད།

    “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་ཚན་པ”ཡིན་པའི་ལྷ་ས་ཝ་པ་གླིང་སྡེ་ཁུལ་ནི་རང་ལྗོངས་ཀྱི་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཁྱོན་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། “ཁོངས་གཏོགས་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས་སོགས་མི་རིགས་10ལྷག་ཙམ་འཚོ་སྡོད་བྱེད་ཀྱི་ཡོད། ལོ་མང་རིང་ཚང་མ་སྒོ་ར་གཅིག་ནང་འཚོ་བ་སྐྱེལ་གྱི་ཡོད་པས་ཕན་ཚུན་བརྩེ་བ་ཟབ་པ་དང་ཁྱིམ་ཚང་གཅིག་ལྟར་འཆམ་པོ་ཡོད”ཅེས་ཝ་པ་གླིང་སྡེ་ཁུལ་གྱི་གྲོང་མི་སྤེན་པ་སྒྲོལ་མས་གསར་འགོད་པར་བཤད།

    མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་དམིགས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་མཐུད་སྐུལ་འདེད་བརྟན་པོ་བཏང་ཡོད།

    2020ལོའི་ཟླ་5ཚེས་1ཉིན་ནས་བཟུང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྐོར་གྱི་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ནས་བོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཤུགས་སྣོན་རྒྱག་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད།

    ཆབ་མདོ་གྲོང་ཁྱེར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་དགོན་སྲོལ་གྲྭ་ཆིངས་ནང་བཅུག་ཡོད། དགེ་འདུན་པ་ཕན་ཚུན་སེམས་ཁུར་དང་། གཅེས་སྐྱོང་། རོགས་རེས་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་ཤུཌ་སྣོན་བརྒྱབ་ཡོད།

    ད་ཆ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་གི་དྲོ་སྐྱིད་ལྡན་པའི་རྣམ་པ་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་མངོན་བཞིན་ཡོད།

    ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བ།

    2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་ཡོད་དོ་ཅོག་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་མེད་དུ་མི་རུང་བ་ཞིག་རེད། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ཤར་གསིང་མ་སྡེ་ཁུལ་གྱི་ཚོགས་ཆུང་བཞི་པའི་ཡུས་ཧྲ་ཀང་གྲོང་ཚོའི་འཐབ་ཕྱོགས་གཅིག་གྱུར་དང་རིག་སློབ་ཨུ་ཡོན་ལི་ཞི་ཅུན་ལ་དེའི་ཐད་མྱོང་ཚོར་ཟབ་མོ་ཡོད།

    1996ལོར་དམག་ཞབས་ཐིམ་པའི་ལི་ཞི་ཅུན་གྱིས་ནང་མི་དང་ལྷན་དུ་གཞིས་རྩེར་ཡོང་ནས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་འཚོ་སྡོད་དང་། སློབ་སྦྱོང་། ངལ་རྩོལ་བཅས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ། ལི་ཞི་ཅུན་རིམ་བཞིན་བོད་སྐད་ཤེས་པ་མ་ཟད། གྲོ་མོའི་འཚོ་བར་རྦད་དེ་གོམས་ཡོད།

    “ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ང་ཚོའི་གྲོང་ཚོའི་གྲོ་མོའི་ཉ་དང་། བཞོན་མ་གསོ་ཚགས། སྔོ་ཚལ་འདེབས་འཛུགས་སོགས་ཀྱི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། ངས་འདེབས་འཛུགས་གསོ་ཚགས་ལག་རྩལ་ཧུར་ཐག་སྦྱངས་པ་ཡིན། ད་ཆ་ང་རང་གྲོང་ཚོའི་གསོ་ཚགས་མཉམ་ལས་ཁང་གི་དོ་དམ་པ་དང་ཞིང་ལས་ཚན་རྩལ་གྱི་ཆེད་མངགས་པ་ཡིན། 2009ལོར་ངས་གྲོང་ཚོའི་དུད་ཚང་ཁ་ཤས་དང་མཉམ་དུ་ཚ་ལ་བརྒྱབ་ས་ཞིག་བཙུགས་པས་དུད་ཚང་རེར་ལོ་རེར་འབབ་འཕར་སྒོར་ཁྲི་2ལྷག་ཙམ་འདུག”ཅེས་ལི་ཞི་ཅུན་གྱིས་གསར་འགོད་པར་བཤད།

    2021ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2000ལས་བརྒལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%དང་14%བར་འཕར་ནས་ནུབ་རྒྱུད་ས་ཁུལ་གྱི་མདུན་གྲལ་དུ་སླེབས་པ། འབྲུ་རིགས་ཐོན་འབབ་ཏུན་ཁྲི་106.5དང་ནས་ཀྱི་ཐོན་འབབ་ཏུན་ཁྲི་82ཟིན་པ་ལ་སོགས་རེད།

    མིག་སྔར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བསྐྱོད་མགོ་ཚུགས་ཤིང་། བོད་ཀྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད་པས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་སེམས་ནུས་གཅིག་སྒྲིལ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།