ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ། ན་ནིང་གི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ་དང་འདི་ལོའི་ལས་འགན་བཀོད་སྒྲིག་བྱས་པ་བཅས་ལས་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཐད་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་དེ་བས་ཆེ་བ་དང་བཅོས་སྐྱོང་གི་ཕན་འབྲས་དེ་བས་ཆེ་བ་ཐོན་པའི་དུང་བརྡ་གསར་པ་བཏང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་བར་ཐོབ་པའི་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དང་དེ་བཞིན་ཕྱོགས་ཡོངས་དང་གཏིང་ཟབ་པའི་ཤུགས་རྐྱེན་རྒྱས་བཤད་གཏིང་ཟབ་གནང་བ།
རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་འཐབ་ཇུས་བཀོད་སྒྲིག་གནང་བ་བཅས་ལ་ཆབ་སྲིད་ཀྱི་རང་བཞིན་དང་། མཛུབ་ཁྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། དེ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་ཞིག་དང་། དུས་བབ་གསར་པའི་འོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ཆབ་སྲིད་ཐད་ཀྱི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་ནི་རིགས་པའི་གཞུང་ལུགས་ཐད་ཀྱི་གནད་སྨིན་འཐུས་ཚང་དང་རང་རྟོགས་ལས་བྱུང་བ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་དོན་སྙིང་གཙོ་བོ་ཁོང་དུ་ཡང་དག་ཆུད་པ་དང་། བསམ་བློ་དང་བྱ་སྤྱོད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཐོག་གཅིག་གྱུར་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཐོག་གཅིག་གྱུར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཐོག་གཅིག་གྱུར། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བཅས་ཏན་ཏིག་ཡོང་བར་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།
འདས་ཟིན་པའི་ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་བསམ་བློར་དམ་འཛིན་ནན་པོ་དང་། ཏང་ལ་དོ་དམ་ནན་པོ། སྒྲིག་ཁྲིམས་ལག་བསྟར་ནན་པོ། བཅོས་སྐྱོང་དེ་བས་ནན་པོ། སྤྱོད་ཚུལ་དེ་བས་ནན་པོ། རུལ་སུངས་ལ་ངོ་རྒོལ་ནན་པོ་བཅས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་དང་ནུས་ལྡན་ངང་ལག་ལེན་བསྟར་བ་དང་། རྒྱུན་སྲིང་ལྷོད་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས“སྤྱོད་ཚུལ་བཞིའི”གནད་དོན་ངན་རེངས་བཅོས་ཐུབ་པ། རྒྱུན་སྲིང་ལྷོད་མེད་ངང་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལྟ་སྐུལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བས། ལྗོངས་ཡོངས་ཀྱི་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་ཕན་འབྲས་གསར་པ་ཐོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྣམ་པ་གསར་པ་མངོན་ཡོད།
རང་ཉིད་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་གི་གཤིས་རྒྱུད་མངོན་གསལ་དོད་ཤོས་ཤིག་ཡིན་ལ། རང་རེའི་ཏང་གི་ལེགས་ཆ་ཆེ་ཤོས་ཤིག་ཀྱང་ཡིན། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་སྐོང་ཚོགས་བྱེད་པའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོའང་ཡིན། དམིགས་ཡུལ་ཇི་ཙམ་ཁ་གསལ་བྱུང་ན། དེ་ཙམ་གྱིས་སེམས་ནུས་གཅིག་སྒྲིལ་དང་སྙིང་སྟོབས་ཆེན་པོ་བསྐྱེད་དགོས་པ་དང་། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ན། དེ་ཙམ་གྱིས་རྣམ་པ་རྒྱུན་འཁྱོངས་དང་འབད་འབུངས་ཆེར་བསྐྱེད་ཀྱིས་བྱས་རྗེས་འཇོག་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་དགོས་པ་དང་དེའི་རྩ་བ་ནི“གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པར་ཐུག་པ་ངོས་འཛིན་ཟབ་མོ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་“སྲུང་སྐྱོང་གཉིས”ཐུབ་པ། “རྒྱལ་ཁབ་ཀྱི་དོན་ཆེན”ལ་གོ་བ་གཏིང་ཟབ་ལེན་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་དང་བོད་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཡང་དག་པའི་ཁ་ཕྱོགས་བརྒྱུད་རྒྱུན་ཆད་མེད་པར་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།
སྤྱོད་ཚུལ་འཛུགས་སྐྱོང་བྱེད་པ་ནི་དམངས་སེམས་ཕྱོགས་མིན་དང་སྲིད་སྐྱོང་གི་རྨང་གཞི་དང་འབྲེལ་བ་ཡོད། སྤྱོད་ཚུལ་གྱི་གནད་དོན་བསྐྱར་ལོག་བྱེད་སླ་ཤོས་ཡིན་པས། གལ་ཏེ་དམ་འཛིན་ནན་པོ་མ་བྱས་ན། མནན་ཟིན་པའི་གནད་དོན་ཁ་ཤས་མེ་རོ་བསྐྱར་འབར་ཡོང་ཉེན་ཆེན་པོ་ཡོད་པ་དོན་དངོས་ལས་ང་ཚོར་བསླབ་བྱ་ཡང་ཡང་བྱས་ཡོད། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སློབ་གསོ་སྤེལ་རྒྱུ་གཏན་འཁེལ་བྱས་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་དོན་འཁྱོལ་གྱིས་རྩ་བ་ཚུགས་རྒྱུ་དང་འབྲེལ་བ་ཡོད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་དང་བདེ་སྐྱིད་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་ཤུགས་རྒྱུན་འཁྱོངས་དང་གོམ་པ་གང་ཡང་ཕྱིར་བཤོལ་མི་རྒྱག་པར་གལ་ཆེའི་ལྷུ་ཚིགས་སྲུང་བ་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་རྣམ་པ་ཧུར་ཐག་གཏོད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་བཅས་བྱས་ནས། གནད་དོན་རྙིང་པ་བསྐྱར་དུ་མི་ཐོན་པ་དང་གནད་དོན་གསར་པའང་མི་ཐོན་པ་མཐའ་གཅིག་ཏུ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་་མཛུབ་ཁྲིད་འོག་ཆེད་འགན་ལྟ་སྐུལ་ལས་དོན་ཏན་ཏིག་སྒྲུབ་པ་དང་། སྐོར་གཟིགས་དང་སྐོར་ཞིབ་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རིགས་ཁག་གི་ལྟ་སྐུལ་སྦྲེལ་མཐུད་མཉམ་འདྲེས་བཅས་བྱས་ནས་ཏང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་དང་ལས་ཕྱོད་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། “འགན་འཁྲི་གཉིས”ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་སྔར་བས་ཆེ་རུ་གཏོང་བ་དང་། སྒྲིག་ཨུད་ཀྱི་འགན་འཁྲིའི་ངེས་གནས་ཁ་གསལ་བཟོ་བ། སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས།
ཐོག་མའི་བསམ་འདུན་མ་བརྗེད་པར་སླར་ཡང་ལམ་དུ་ཆས། འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཐེག་པ་ཁུར། ད་ལོའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། དེས་ན་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏང་བཙུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་པ་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕན་འབྲས་དངོས་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཕྱག་རྟགས་འབུལ་དགོས།