མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷུག་པོར་བཞད།
བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྣ་གཡུ་སྒྲོན་གྱི་ནང་མིའི་སྐོར་བཀོད་པ།
འདི་ནི་གཡུ་སྒྲོན་གྱིས་ཁྱིམ་དུ་གཙང་སྦྲ་བྱེད་བཞིན་པ།
གསར་འགོད་པའི་ཕྲ་ཆུང་མིག་ཟུང་གིས་གཞིས་རྩེ་ས་གནས་ཀྱི་ལོ་རྒྱུས་མེ་ལོང་ལ་ལྟ་སྐབས། གཞིས་རྩེ་ཁུལ་གྱི་རིག་གནས་ཀྱི་ཁ་དབུགས་ཤིན་ཏུ་བཟང་བ་དང་། དེའི་མང་ཚོགས་རྣམས་རང་འཁྲིའི་ལས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་མཁན་ཡིན་པ་ངམ་གྱིས་ཤེས་བྱུང་། གཞིས་ཀ་རྩེ་ཞེས་པའི་མིང་དེ། གཞིས་ཀ་བསམ་གྲུབ་རྩེ་ཞེས་པའི་བསྡུས་མིང་ལས་བྱུང་བ་ཞིག་ཡིན་པ་དང་། དེང་གི་ཆར་གཞིས་ཀ་རྩེ་སྒོ་ཀུན་ནས་བྱ་འཕུར་བ་ལྟ་བུའི་འཕེལ་རྒྱས་གང་ལེགས་བྱུང་སྟེ། ཀུན་ལ་རླུང་ལྟར་གྲགས་པ་ཞིག་ཡིན་སྟབས། རྣ་བའི་བུ་གར་གཞིས་ཀ་རྩེ་ཞེས་པའི་མིང་དེ་ཐོས་མ་ཐག རྣ་བ་ཀྲོང་ཀྲོང་བྱས་ནས་དུས་རབས་ཀྱི་དབྱངས་རྟ་དང་མཐུན་པའི་གཞིས་རྩེའི་འཕེལ་རྒྱས་ཀྱི་གསུང་སྙན་ཉན་འདོད་ཡོད་པ་སྨོས་ཅི་དགོས། གསར་འགོད་པ་ཡང་གཞིས་རྩེའི་མཚར་སྡུག་གིས་ཡིད་དབང་ཕྲོགས་ནས་ས་ཆ་དེའི་ཕྱོགས་སུ་ཁ་ལོ་བསྒྱུར། གསར་འགོད་པ་ཕྱི་དྲོ་གཞིས་རྩེར་འབྱོར་མ་ཐག ཕྱི་ཉིན་ཞོགས་པར་ལྕག་ཚན་གྱིས་བྲབས་པའི་རྟ་ཕོ་བཞིན། གཞིས་རྩེའི་མཚར་སྡུག་སྔོག་འདོན་གྱི་ལས་ལ་གཞོལ་བ་ཡིན།
གསར་འགོད་པ་གཞིས་རྩེར་འབྱོར་སྐབས་ནམ་དུས་དགུན་ཁ་ཡིན་པས། གྲང་རླུང་འུར་འུར་དུ་ལྡང་ཞིང་། གྲང་རེག་བཙན་པོས་དབྱར་གྱི་མཛེས་སྡུག་བཅོམས་ནས་ས་ཆ་ཕམ་མོ་ཆེ་མདོག་སྐྱ་བོར་གྱུར་ནས། སེམས་ལ་མི་བདེ་བའི་ཚོར་སྣང་སྦྱིན་ཡང་། བཀྲག་མདངས་འཚེར་བའི་རིག་གནས་ཀྱི་རྣམ་པས་ཡིད་ཀྱི་དང་བ་འདྲེན་པ་དང་། ལྷག་པར་དུ་ཞོགས་པའི་མཚམས་སུ་དྲོ་འཇམགྱི་ཉི་ཟེར་ངོ་གདོང་ལ་འཕྲོ་དུས། ཉི་ཟེར་དེ་གནས་མལ་དྲོ་པོ་ཞིག་དང་འདྲ་བར། དགུན་ཁའི་གྲང་ངར་དེ་ཙམ་ཆེན་པོ་མེད་པའི་ཚོར་བ་ཞིག་སྣང་། གསར་འགོད་པ་རླངས་འཁོར་བསྡད་ནས་ཉི་ཟེར་དྲོན་མོ་དང་འགྲོགས་ཏེ་འབྲུ་ཡི་བང་མཛོད་ཀྱི་མཚན་སྙན་ཐོབ་པའི་གཞིས་རྩེ་པ་སྣམ་ཕྱོགས་སུ་བསྐྱོད་ནས་ད་ཐེངས་ཀྱི་བཅར་འདྲི་བྱེད་འགོ་བརྩམས་པ་ཡིན། ཆ་དཀར་གྲོང་ཚོ་ནི་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་གྱི་ཁོངས་སུ་གནས་ཤིང་། གྲོང་ཚོ་དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་3907ཙམ་ཡོད་པ་དང་། གཞིས་རྩེ་ནས་བར་ཐག་སྤྱེ་ལེ་55ཙམ་ཡོད་པ་རེད། གསར་འགོད་པ་ཆ་དཀར་གྲོང་ཚོར་འབྱོར་རྗེས་ལི་ཧྥུའུ་ཧའོ་དང་གཡུ་སྒྲོན་བཟའ་ཚོ་རྣམ་གཉིས་ཀྱིས་ང་ཚོ་གསར་འགོད་པར་བསུ་བ་གཟབ་རྒྱས་ཞུས་པ་དང་སྤྲོ་སེམས་འཁོལ་པོས་བཅར་འདྲི་དང་ལེན་བྱས་བྱུང་།
འདི་ནི་གཡུ་སྒྲོན་གྱིས་འཐག་ལས་བྱེད་བཞིན་པ།
ཕྱི་ལ་ཞོར་ལས་བྱེད་པའི་སྐབས། ལས་འཕྲོའི་མདུད་པ་དམ་པོར་ཐེབས།
ད་ལོ་ལོ་43ལ་སོན་པའི་གཡུ་སྒྲོན་གྱི་བཟའ་ཟླ་ལི་ཧྥུའུ་ཧའོ་ནི་མཚོ་སྔོན་ནས་ཡིན་པ་དང་། ཁོ་པ་བོད་དུ་མ་སླེབས་སྔོན་ལ་ཤིན་ཅང་དུ་ཞོར་ལས་བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། ཕྱིས་སུ་གཅེན་པོའི་ངོ་སྤྲོད་འོག་ཁོ་པ་བོད་ལྗོངས་ས་མཐོར་ཡོང་ནས་ལས་ཞོར་བྱེད་འགོ་བརྩམས། ཐེངས་ཤིག་ཁོ་པ་གཞིས་རྩེ་པ་སྣམ་དུ་ལས་ཀ་བྱེད་སྐབས་ཁོ་པའི་གཏན་གྱི་འདུན་མ་གཡུ་སྒྲོན་དང་ཐུག་པའི་སྐལ་བ་བཟང་པོ་བྱུང་ཡོད་པ་དང་། གཡུ་སྒྲོན་དང་འབྲེལ་བ་བཙུགས་རྗེས་ཁོང་གི་མི་གཤིས་དང་སྤྱོད་ལམ་གྱིས་ཁོ་པའི་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོགས་ཡོད་པ་རེད། སྐབས་དེ་དུས་ཁོ་པ་ཕོ་ཧྲེང་ཡིན་པ་དང་། གཡུ་སྒྲོན་ཡང་མོ་ཧྲེང་ཡིན་པས། ཁོ་པས་ཚམ་ཚོམ་སྤུ་ཙམ་ཡང་མེད་པར་ཕ་རོལ་ལ་བརྩེ་དུང་གི་མདའ་མོ་འཕངས། ཁོ་གཉིས་དངོས་སུ་དགའ་རོགས་མ་འགྲོག་སྔོན་དུ་ཕན་ཚུན་གྱི་གོམས་སྲོལ་ལ་སོགས་མི་འདྲ་བ་ཕྲན་བུ་ཡོད་པས། དཀའ་ཁག་མི་ཉུང་བ་ཞིག་འཕྲད་ཡོད་ཀྱང་། རྡོ་ཆུང་ཡང་རི་བོ་བརྩིགས་ཐུབ། བལ་སྲབ་ཀྱང་ཕྱིང་པ་བཟོ་ཐུབ་ཅེས་པའི་དཔེར་ལྟར། ཁོ་པས་དཀའ་ངལ་དང་དུ་བླངས་པས། མཐར་ཁོ་གཉིས་བར་ལ་བརྩེ་དུང་གི་འབྲས་བཟང་སྨིན་ནས། འཇིག་རྟེན་མཐུན་འཇུག་གི་ལམ་དུ་བསྐྱོད་ཐུབ་པ་རེད། ཁོ་པ་དང་གཡུ་སྒྲོན་ལ་མཚོན་ན། མི་ཚེའི་བཤུལ་ལམ་ཁྲོད་ལོ་རྒྱུས་ཀྱི་གཤོག་བུ་གསར་པ་ཞིག་ཁ་ཕྱེ་བ་རེད། ད་ལྟ་ཁོ་གཉིས་ལ་ཕྲུ་གུ་གཉིས་ཡོད་པ་དང་། རྒན་པའི་མིང་ལ་ལྷ་མོ་ཟེར་ཞིང་ད་ལོ་ལོ་18ལ་སླེབས་པ་དང་། ཆུང་བའི་མིང་ལ་ཚེ་བདེ་སྐྱིད་ཟེར་ཞིང་ད་ལོ་ལོ་8ལ་སླེབས་ཀྱི་ཡོད་པ་རེད། ད་ལྟ་ཁོང་གཉིས་ཀྱིས་ཕྲུ་གུ་གཉིས་པོ་ལེགས་པར་བསྐྱངས་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པ་རེད།
འདི་ནི་ནང་མི་ཚང་མའི་མཉམ་པར་ཡིན་པ།
ལྟག་ཆུ་ཆད་པའི་རྫིང་བུ་བཞིན། འཚོ་བར་དཀའ་ཁག་ཆེན་པོ་འཕྲད།
འཚོ་བའི་མེ་ལོང་ལ་ལྟ་སྐབས། 2004ལོར་ཁོ་གཉིས་ལ་འཚོ་བའི་ཐོག་དཀའ་ངལ་ཆེན་པོ་འཕྲད་སྟབས། ལོ་དེ་ཁོ་གཉིས་ལ་མཚོན་ན་དྲན་པའི་ཀློང་ནས་བརྗེད་དཀའ་བའི་ལོ་ཞིག་ཡིན་པ་རེད། སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། ལི་ཧྥུའུ་ཧའོ་ཡིས “ལོ་དེར་ང་ཚོའི་ཁྱིམ་ཚང་ལ་དཀའ་ངལ་ཆེན་པོ་འཕྲད་བྱུང་། མུ་གེའི་སྒང་ལ་ཟླ་ལྷག་ཟེར་བའི་དཔེ་བཞིན། འཚོ་བ་དཀའ་ལས་ཡོད་པའི་སྒང་ལ་བསགས་བསག་གྲུང་གྲུང་བྱས་ནས་བྱུང་བའི་ཞོལ་ལས་ཀྱི་དངུལ་ཕྲན་བུ་ཡོད་པ་དེ་ཡང་ཁྲམ་པའི་མགོ་འཁོར་འོག་ཏུ་ཚུད་ནས་དངུལ་ཁྲམ་པས་འཁྱེར་བས། མིག་ཆུ་ཁྲུམ་ཁྲུམ་དུ་ཤོར་བྱུང་། ལོ་འཁོར་མར་བཟའ་རྒྱུ་དཀོན་པ་དང་། ཐ་ན་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ་ལོ་གསར་མཁོ་ཆས་ཀྱང་ཧ་ཅང་སྟབས་བདེ་ཞིག་ལས་གྱ་ནོམ་པ་ཞིག་ཉོ་ཐུབ་མ་སོང”ཞེས་བཤད། བཟའ་ཚང་ནི་ལྷ་འགྲིག་པ་ནང་བཞིན་རྒྱག་རེས་མ་ཤོར་བ་མེད་པས། འཚོ་བ་དཀའ་ཁག་ཆེ་བའི་སྐབས་སུ་ཁོ་གཉིས་ཕན་ཚུན་ཁ་རྩོད་ཤོར་གྱི་ཡོད་ཀྱང་། བཟའ་ཚང་ཕན་ཚུན་དབར་ལྷག་བསམ་རྨ་མེད་ཡིན་པས། ཁོ་གཉིས་ཀྱི་བརྩེ་དུང་དེ་རྩྭའི་བམ་པོ་ཇི་བཞིན་འཆིང་ཐག་གིས་དམ་པོར་བཅིངས་ཡོད་པ་རེད།
འདི་ནི་གཡུ་སྒྲོན་ལ་ཐོབ་པའི་གཟེངས་བསྟོད་བྱ་དགའ་ཁག་ཡིན་པ།
དཀའ་ངལ་གདོང་ལེན་བྱེད་གྱུར་ན། བདེ་སྐྱིད་འཚོ་བས་བསུ་བ་ཞུ།
ཁོ་གཉིས་ལ་དཀའ་ངལ་འཕྲད་པའི་སྐབས་སུ། བཟའ་ཚོ་གཉིས་པོས་དཀའ་ངལ་གྱི་མདུན་དུ་མགོ་བོ་སྒུར་ནས་མ་བསྡད་པར། བསམ་སྦྱོར་ཡང་དག་གི་སྒོ་ནས་དཀའ་ངལ་གདོང་ལེན་བྱས། ཆ་དཀར་གྲོང་ཚོ་ནི་ཞིང་ལས་གཙོ་བོར་བཟུང་མཁན་གྱི་གྲོང་ཚོ་ཞིག་ཡིན་པས། ལག་ཤེས་ཡོད་མཁན་ཉུང་ཉུང་ཡིན་པ་རེད། གཡུ་སྒྲོན་དུད་ཁྱིམ་ལ་མཚོན་ན། གཡུ་སྒྲོན་གྱིས་མངོན་མིན་རིག་གནས་ཤུལ་བཞག“པང་གདན”འཐག་ཤེས་པ་དང་། བཟའ་ཟླ་ལི་ཧྥུའུ་ཧའོ་ཡིས་ཚ་ལ་སོགས་རྒྱག་ཤེས་ཀྱི་ཡོད་པ་རེད། ཁོ་གཉིས་ཀྱིས་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་གང་སར་ཞོར་ལས་བཙལ་ཏེ། རང་གི་འཚོ་བའི་སྤུས་ཚད་གོང་མཐོར་བཏང་བས། མཐར་བདེ་སྐྱིད་ཀྱི་འཚོ་བ་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་སོང་། གཡུ་སྒྲོན་གྱི་ཁྱིམ་ཚང་ནི་ཏང་ཡོན་དུད་ཚང་ཡིན་པས། ད་ལྟ་གྲོང་ཚོའི་ནང་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་བཞིན་མཆིས། བཟའ་ཟླ་ལི་ཧྥུའུ་ཧའོ་ཡིས་རིན་མེད་ཐོག་གྲོང་མི་ཚོར་ཚ་ལ་རྒྱག་སྟངས་བསླབས་པ་དང་། ཁོང་གིས“མིག་སྔའི་བར་ཁྱོན་གྲོང་མི་70མན་ཙམ་ལ་རིན་མིན་ཐོག་ཚ་ལ་རྒྱག་སྟངས་བསླབས་པ་ཡིན། ད་ལྟ་ཁོ་ཚོ་ཕྱི་ལ་ཞོར་ལས་བྱེད་བཞིན་ཡོད”ཅེས་བཤད། ལི་ཧྥུའུ་ཧའོ་ཡི་རོགས་རམ་འོག་གྲོང་མི་མི་ཉུང་བ་ཞིག་ལག་ཤེས་ལྡན་པར་གྱུར་ཡོད་པ་རེད། གཡུ་སྒྲོན་ནི་ཆུང་དུས་ནས་འཐག་ལས་ལ་མཁས་པས། 2016ལོར་གཡུ་སྒྲོན་གྱིས་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་ཆ་དཀར་གྲོང་ཚོའི་གཡུ་སྒྲོན་འཁལ་འཐག་བཟོ་གྲྭ་བཙུགས་པ་དང་། བཟོ་གྲྭ་ནས་པང་གདན་དང་། ཕྱུ་པ་སོགས་འཐག་གི་ཡོད་པ་རེད། གཡུ་སྒྲོན་གྱི་ཐོན་རྫས་ཕྱུ་པ་དང་པང་གདན་སོགས་ཀྱི་སྤུས་ཚད་ཤིན་ཏུ་ལེགས་པས། པང་གདན་རེར་སྒོར་500གཡས་གཡོན་བྱས་ནས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་། ཕྱུ་པ་རེར་སྒོར་4000མན་ཙམ་བྱས་ནས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཟེར་བའི་དཔེར་བཞིན། གཡུ་སྒྲོན་གྱི་ཐོན་རྫས་ཀྱི་སྤུས་ཚད་ལ་དམིགས་ནས་མངག་ཉོ་བྱེད་མཁན་ཤིན་ཏུ་མང་པོ་ཡོད་པ་རེད། ཏང་དང་མི་རིགས་སྲིད་ཇུས་ཀྱི་གཟིགས་སྐྱོང་འོག བོད་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་སྐྱིད་ཀྱི་ལམ་བུར་བསྐྱོད་ཐུབ་པ་དང་། ད་ལྟ་གཡུ་སྒྲོན་བཟའ་ཚོ་གཉིས་པོ་ཡང་སྲིད་ཇུས་བཟང་པོའི་འོག ཚ་ལ་དང་འཐག་ལས་ལ་བརྟེན་ནས་བདེ་སྐྱིད་ཀྱི་ལམ་བུར་བསྐྱོད་དང་སྐྱོད་མུས་ཡིན་པ་དང་། འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་བས། དུས་ཚོད་ཡོད་ཁོམ་བཞིན་ལོ་གསར་མཚམས་སུ་བཟའ་ཚོ་གཉིས་པོས་ཕྲུ་གུ་ཁྲིད་ནས་མཚོ་སྔོན་དུ་ལོ་གསར་གཏོང་བར་འགྲོ་ཡི་ཡོད་པ་རེད། ཕྲུ་གུ་གཉིས་པོར་མཚོ་སྔོན་དུ་ལོ་གསར་གཏོང་བར་འགྲོ་ཞེས་བཤད་ན། དགའ་དགའ་སྤྲོ་སྤྲོའི་ངང་ལམ་སེང་ཁས་ལེན་བྱེད་ཀྱི་ཡོད་པ་རེད།
འདི་ནི་ཕྲུ་གུ་གཉིས་པོས་སློབ་སྦྱོང་བྱེད་བཞིན་པ།
ཕྲུ་གུ་ཕ་མའི་ཁ་ལ་ཉན། བསམ་པའི་རྒྱགས་ཕྱེ་ལེན་ལ་བརྩོན།
ཁོ་གཉིས་བཟའ་ཚོ་གཉིས་པོས་གྲོང་ཚོའི་ནང་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་གྱི་ཡོད་པས། གྲོང་ཚོའི་ནང་གི་རྒན་དར་གཞོན་གསུམ་གྱིས་ཁོ་གཉིས་ལ་བརྩི་འཇོག་གང་ལེགས་བྱེད་བཞིན་ཡོད་པ་རེད། དུས་རྒྱུན་བཟའ་ཚོ་གཉིས་པོ་ལས་ཀ་མང་བས། སྐབས་རེ་ནང་ལས་བྱེད་ཁོམ་མེད་པའི་སྐབས་སུ། བུ་མོ་གཉིས་པོས་ཕ་མ་གཉིས་ལ་ནང་ལས་བྱེད་རོགས་བྱེད་པ་དང་། བུ་མོ་རྒན་པས་དུས་ཚོད་ཡོད་སྐབས་ཚལ་བཟོ་རོགས་བྱེད་ཀྱི་ཡོད་པ་རེད། གསར་འགོད་པས་བུ་མོ་རྒན་པ་ལྷ་མོར་ཚལ་ག་རེ་བཟོ་ཤེས་ཀྱི་ཡོད་དམ་ཞེས་འདྲི་སྐབས། ལྷ་མོས“ཚལ་མང་ཆེ་བ་བཟོ་ཤེས་ཀྱི་ཡོད་”ཅེས་འཛུམ་དམུལ་དམུལ་ངང་བཤད། ཕྲུ་གུ་གཉིས་པོའི་ཨ་ཕ་མཚོ་སྔོན་གྱི་རྒྱ་རིགས་ཡིན་པས། དུས་རྒྱུན་ཚལ་བཟོ་མཁས་པོ་ཡོད་པ་རེད། བུ་མོ་རྒན་པས་ཨ་ཕའི་འགྲམ་ནས་ཚལ་བཟོ་བའི་ལག་རྩལ་སྦྱངས་པས། ན་སོ་ཤིན་ཏུ་གཞོན་ཡང་ཚལ་མང་པོ་བཟོ་ཤེས་ཀྱི་ཡོད་པ་རེད། བུ་མོ་ཆུང་བ་ད་ལྟ་སློབ་ཆུང་ལོ་རིམ་གཉིས་པར་སླེབས་ཙམ་ཡིན་པས། སློབ་ཚན་གྲོལ་རྗེས་བུ་མོ་ལྷ་མོས་གཅེན་མོའི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་ཡི་གེ་སློབ་རོགས་བྱེད་ཀྱི་ཡོད་པ་རེད། ཕྲུ་གུའི་སྤྱོད་ལམ་ལས་གསར་འགོད་པར་བུ་མོ་གཉིས་པོ་ཤེས་བྱ་རིག་པའི་གནས་ལ་བརྩོན་འགྲུས་བྱ་རྒྱུའི་འདུན་པ་དྲག་པོ་ཡོད་པའི་ཚོར་བ་ཟབ་མོ་བྱུང་། ད་ལྟ་ནས་བཟུང་སྟེ་བུ་མོ་རྒན་པས་ལས་ཀ་མང་དག་ཅིག་ཤེས་ཀྱི་ཡོད་པས། ཅང་མ་འགོར་བར་གཅེན་མོའི་ཤུགས་རྐྱེན་འོག བུ་མོ་ཆུང་བས་ཀྱང་ལས་ཀ་མང་པོ་ཤེས་ངེས་ཡིན་སྟབས། ཕྲུ་གུ་གཉིས་པོ་ཡུན་རིང་མ་སོང་བར་རང་སྟོབས་རང་སྤེལ་བྱེད་ཐུབ་རྒྱུར་ཐེ་ཚོམ་ཅི། ད་ལྟ་ཁོ་ཚོའི་ཁྱིམ་ཚང་དུ་ཕ་མ་གཉིས་པོ་ཕན་ཚུན་འཆམ་པའི་སྒང་ལ་བརྩི་བ་དང་། ཕྲུ་གུ་གཉིས་པོ་ཕ་མའི་ཁ་ལ་ཉན་གྱི་ཡོད་པས། ཁོ་ཚོའི་ཁྱིམ་ཚང་དུ་དགའ་སྤྲོའི་སྙན་དབྱང་ལྷང་ལྷང་དུ་གྲགས། གསར་འགོད་པས་ལི་ཧྥུའུ་ཧའོ་ལ་མི་རིགས་མཐུན་སྒྲིལ་ཟེར་བ་གང་རེད་དམ་ཞེས་འདྲི་སྐབས། ཁོང་གིས་ “རང་གི་ངོས་ནས་བརྗོད་ན། བཟའ་ཚང་ཕན་ཚུན་འཆམ་མཐུན་བྱེད་པ་དང་། ཕྲུ་གུ་གཉིས་པོ་གཉེར་སྐྱོང་ཡག་པོ་བྱེད་པ། གྲོང་མི་ཕན་ཚུན་རོགས་རམ་བྱེད་པ། ད་ལྟའི་འཚོ་བ་ཡག་པོ་དེ་མུ་མཐུད་ནས་རྒྱུན་མཐུད་རྒྱུ། ད་དུང་དུས་དང་རྣམ་པ་ཀུན་ཏུ་ནང་མི་ཚང་མས་འཚོ་བར་འཆམ་མཐུན་གྱི་ཟུང་ཁྲག་གསར་པ་རྒྱུན་མི་ཆད་པར་བླུག་རྒྱུ་དེ་རེད”ཅེས་བཤད།