《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པར། ལོ་ལྟར་སྤྱིར་ན་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་10%ཡན་གྱིས་ལྗོངས་ཕྱིར་ལས་ཞུགས་ཀྱི་གདམ་ག་བྱེད་ཀྱི་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2012ལོར་ལས་ཞུགས་བོད་སྐྱོར་གྱི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17 བོད་སྐྱོར་ཀྲུང་དབྱང་ཁེ་ལས་16བཅས་ཀྱིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་འབོར་ཆེན་ཞིག་མཁོ་འདོན་བྱས་ཡོད། བོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལྕག་སྐུལ་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། 2017ལོ་ནས་2021ལོ་བར་སློབ་ཐོན་སློབ་མར་ལྗོངས་ཕྱིར་ལས་ཞུགས་ཀྱི་ལམ་དངུལ་དང་། འཚོ་བ། སྡོད་ཁང་སོགས་རིགས་ཁག་གི་ཁ་གསབ་མ་དངུལ་སྒོར་ཁྲི་8700ལྷག་ཙམ་སྤྲད་པ་དེས་མི་ཐེངས་9348ལ་ཕན་པ་ཐོབ་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་ཚེ་གཡང་བཟང་མོ་ད་ལོ་ལོ་23ཡིན་པ་དང་། 2021ལོར་སློབ་ཆེན་ཐོན་རྗེས། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིས་ལས་ཞུགས་བོད་སྐྱོར་གྱི་སྲིད་ཇུས་བརྒྱུད་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་ལས་ཀར་བསྡུ་བའི་སྐབས་དང་ཏག་ཏག་འཁེལ། རིམ་པ་བཞིན་དཔྱད་ཞིབ་བྱས་པ་བརྒྱུད། ཁོང་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཉིང་པོ་ཏཱ་ཞེ་རྡོ་སྣུམ་རྫས་འགྱུར་ཚད་ཡོད་ཀུང་སིར་ལས་ཀར་བསྐྱོད་པ་དང་མིག་སྔར་རྫས་འགྱུར་བརྟག་དཔྱད་ཁང་དུ་སྣུམ་རྫས་ལ་དབྱེ་ཞིབ་ཀྱི་ལས་ཀ་བྱེད་ཀྱི་ཡོད་པ་རེད།
བོད་སྐྱོར་ཁེ་ལས་ཀྱིས་སློབ་ཆེན་སློབ་མ་ཐད་ཀར་བསྡུ་བ་ཕུད། བོད་སྐྱོར་སྟོབས་ཤུགས་ཁག་གཅིག་གིས་ད་དུང་གསར་གཏོད་ཧུར་ཐག་བྱས་ཏེ། བོད་ལྗོངས་ཀྱི་ས་གནས་དེ་གའི་སློབ་མར་དེ་བས་འཚམ་པའི་ལས་ཞུགས་ཐབས་ལམ་བཏོད་ཡོད།
2019ལོར་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ནན་ཅིང་གྲོང་ཁྱེར་གྱི་ལས་དོན་ཚོགས་ཆུང་གིས“སྐལ་བཟང་མེ་ཏོག་བཞད་པའི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་སྒར་ས”ཇུས་འགོད་བྱས་པ་དང་། དེའི་དམིགས་ཡུལ་ནི་རྫོང་དེའི་སློབ་ཆེན་སློབ་མའི་ལས་ཞུགས་ཀྱི་ཁུར་པོ་ཡང་པོ་གཏོང་ཆེད་རེད།
ཐུབ་བསྟན་ཕུན་ཚོགས་ནི་དམིགས་བསལ་གསོ་སྦྱོང་སྒར་སའི་སྐབས་དང་པོའི་ཁོངས་མི་ཡིན་པ་དང་། ད་ལོ་ལོ་26ལ་སླེབས་པའི་ཁོང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་ཚོ་ནས་རེད། 2019ལོར་ཐུབ་བསྟན་ཕུན་ཚོགས་སློབ་ཆེན་ཐོན་རྗེས་ལས་སྒུག་གཞོན་ནུ་ཞིག་ཏུ་གྱུར། “དགུང་ཨ་སྔོན་མཐོན་པོར་འདབ་ཆགས་ཀྱིས་གཤོག་རྩལ་ངོམ་ན། ང་ཡང་ཕྱི་རོལ་གྱི་འཇིག་རྟེན་བསྐོར་ནས་སློབ་སྦྱོང་དང་སྦྱོང་བརྡར་མང་ཙམ་བྱེད་འདོད་འདུག”ཅེས་ཐུབ་བསྟན་ཕུན་ཚོགས་ཀྱིས་བཤད།
2019ལོའི་ཟླ་7པར་མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས་ཀྱི་ལས་དོན་མི་སྣས་རྫོང་དེའི་སློབ་ཆེན་སློབ་མར“སྐལ་བཟང་མེ་ཏོག་བཞད་པའི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་སྒར་ས”སྒྲོག་འགྲེལ་བྱས་ཤིང་། ཐུབ་བསྟན་ཕུན་ཚོགས་ཀྱིས་གསོ་སྦྱོང་གནས་ཚུལ་ཤེས་རྗེས་ལམ་སེང་མིང་ཐོ་བཀོད། ནན་ཅིང་དུ་དུས་ཡུན་ཟླ་བ་བཞི་སློབ་སྦྱོང་བྱས་རྗེས། ཁོང་གིས་རང་ཉིད་ཀྱི་དགེ་མཚན་དང་དགའ་ཕྱོགས་ལ་བརྟེན་ནས་ཅང་སུའུ་ཡི་ཀུང་སི་ཞིག་ནས་ལས་ཀ་བཙལ་པ་རེད། ཁོང་གི་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བརྟེན། ད་ལོ་ཡན་ལག་ཀུང་སིའི་གཙོ་གཉེར་དོ་དམ་པའི་གྲས་སུ་གྱུར་པ་དང་ཟླ་རེའི་གླ་ཆ་སྒོར་8000ལྷག་ཙམ་ཡོད།
2021ལོའི་ཟླ་12ཚེས་1ཉིན་དང་ཚེས་2ཉིན། པེ་ཅིང་དང་། ཧྲང་ཧའེ། ཀྲེ་ཅང་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཧུའུ་པེ་ཧོང་ཧྲིར་བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་བོད་སྐྱོར་དང་ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ཁྲོམ་ར་ཅན་གྱི་ལས་ཞུགས་ལས་དོན་གྱི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད། མིག་སྔར་ཧུའུ་པེ་ཞིང་ཆེན་ཁོ་ནར་ཁ་གཏད་རོགས་སྐྱོར་བྱ་ཡུལ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་སློབ་ཆེན་ཐོན་པའི་སློབ་མ་188ལས་ཞུགས་ཐུབ་ཡོད་པ་རེད།
ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་ཁག་དང་ཁག་ས་མཐོ་ནས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ནང་སར་ལས་ཀར་སྐྱོད་ཀྱི་ཡོད་པ་དང་། ཁོང་ཚོས་རང་ཉིད་ཀྱི་དགའ་ཕྱོགས་དང་བསྟུན་ནས་རང་མོས་ངང་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གདམ་ག་བྱེད་བཞིན་ཡོད།