དབུ་ཤོག
  • ཁྲེང་ཏུའི་སྨན་ཁང་འདིར་སྨན་བཅོས་འགན་བཅོལ་གཱ་སྤྱོད་ཆོག་གི་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-19
    སྒོ་བསྟེན་གྱི་དམིགས་བསལ་ནད་གཞི་ཕོག་མཁན་གྱི་ངོས་ནས་བརྗོད་ན། སྒོ་བསྟེན་གྱི་དམིགས་བསལ་ནད་གཞི་གཏན་འཁེལ་དང་། སྨན་བཅོས། སྨན་སྤྲོད་པ། འགྲོ་སོང་རྩིས་ཞུ་བཅས་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་མེད་ལ། སྒོ་བསྟེན་གྱི་དམིགས་བསལ་ནད་གཞིའི་ལག་ཁྱེར་གཉེར་བར་ཆ་རྐྱེན་གང་ཞིག་ཚང་དགོས་པ་དང་། གང་དུ་གཉེར་བར་འགྲོ་དགོས་པ། འགྲོ་སོང་རྩིས་ཞུ་ཇི་ལྟར་བྱེད་དགོས་པ་ལ་སོགས་གསལ་པོ་ཤེས་ཀྱི་མེད།

    ད་འོ་ན་གོང་གསལ་གྱི་གནད་དོན་འདི་དག་ཐག་གཅོད་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་སྨན་ཁང་དུ་སྟབས་བདེའི་ངང་སྒྲུབ་ཆོག་གི་འདུག ལྗོངས་ནང་ཁུལ་གྱི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིས་གཏན་འཁེལ་བྱས་པའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་སྨན་ཁང་དུ་བརྟག་དཔྱད་དང་སྨན་ལེན་སྐབས། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་སྲིད་ཇུས་ལྟར་ཐད་ཀར་འགྲོ་སོང་རྩིས་ཞུ་བྱ་ཆོག་གི་འདུག

    དྲི་བ། གང་འདྲ་ཞིག་ལ་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་ཟེར་རམ།

    ལན།སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་ཞེས་པ་ནི་ནད་གཞི་བལྟོས་བཅས་ཀྱིས་ཞི་ལྷོད་པ་དང་།  སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་ཡུན་རིང་བྱེད་དགོས་པ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་པའི་དལ་བའི་རང་བཞིན་ནམ་ཡང་ན་ནད་གཞི་ལྕི་རིགས་ལ་ཟེར། མིག་སྔར་བོད་ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་གྱིས་རིགས་ཆེ་གྲས་34(ནད་རིགས་49ཡོད་པ)དང་མཐོང་དཀོན་པའི་ནད་རིགས་121དང་། བོད་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱིས་ནད་རིགས་23གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད། 

    དྲི་བ། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ལག་ཁྱེར་གཉེར་ན་དགེ་མཚན་གང་ཡོད་དམ།

    ལན།སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ལག་ཁྱེར་གཉེར་རྗེས། སྒོ་བསྟེན་སྨན་ཁང་གི་འགྲོ་སོང་ཚང་མ་སྨན་ཁང་དུ་བསྡད་པའི་འགྲོ་སོང་ལྟར་མང་ཉུང་ལ་གཞིགས་ནས་འགྲོ་སོང་རྩིས་ཞུ་བྱ་ཆོག་གི་ཡོད། དེ་ཡང་སྨན་ཁང་གཞན་དག་ནས་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ལག་ཁྱེར་གཉེར་མཁན། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱས་རུང་། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་ལྟར་འགྲོ་སོང་རྩིས་ཞུ་བྱ་ཆོག་གི་ཡོད།

    དྲི་བ། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་ཕོག་མཁན་གྱིས་ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་སྨན་ཁང་དུ་སྨན་བཅོས་ཇི་ལྟར་བྱེད་དགོས་སམ།

    ལན།1.ནད་པས་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་གཏན་འཁེལ་གྱི་ངོ་སྤྲོད་ཡི་གེ(འགྲོ་ལུགས་ཐོག་མ་གཉེར་བ་དང་སྨན་ཁང་གཞན་དུ་ནད་བསྟེན་པའི་ངོ་སྤྲོད་ཡི་གེ་དང་དེ་བཞིན་འབྲེལ་ཡོད་བརྟག་དཔྱད་སྙན་ཞུ་འཁྱེར་དགོས)ཁྱེར་ཏེ། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ནད་རིགས་དང་མཐུན་པའི་ཆེད་ལས་ཚན་ཁག་གི་སྨན་པའི་སར་བོད་ཀྱི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་བརྟག་དཔྱད་རེའུ་མིག་རྒྱོང་དགོས་པ་དང་། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ཇུས་གཞི་བཟོ་དགོས།

    2.ནད་པས་དམིགས་བསལ་ནད་གཞིའི་བརྟག་དཔྱད་རེའུ་མིག་དང་། ནད་གཞི་བརྟག་དཔྱད་གཏན་འཁེལ་གྱི་ངོ་སྤྲོད་ཡི་གེ(སྨན་ཁང་ནས་དོན་པའི་ལག་ཁྱེར་དང་། སྒོ་བསྟེན་སྨན་བཅོས་ཀྱི་ནད་ཐོ། ཡང་ན་ནད་གཞིའི་ངོ་སྤྲོད་ཡི་གེ་བཅས་གསུམ་ནས་གཅིག་བྱུང་ན་འཐུས)དང་ཐོབ་ཐང་ལག་ཁྱེར་རམ་ཡང་ན་སྤྱི་ཚོགས་འགན་སྲུང་གཱ་ཁྱེར་ནས་སྨན་བཅོས་འགན་བཅོལ་གཞུང་ལས་ཁང་དུ་ནད་རིགས་གཏན་འཁེལ་གྱི་གོ་ཆོད་ཡུན་ཚད་བསྐྱར་བཤེར་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ཇུས་གཞིར་ཞིབ་དཔྱད་བྱེད་དགོས།

    3.ནད་པས་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་བརྟག་དཔྱད་རེའུ་མིག་དང་། སྨན་ཐོ། བརྟག་དཔྱད་སྤ་སེ། སྤྱི་ཚོགས་འགན་སྲུང་གཱའམ་ཡང་ན་ཐོབ་ཐང་ལག་ཁྱེར་བཅས་ཁྱེར་ནས་སྒོ་བསྟེན་སྨན་ཁང་གི་རྩིས་རྒྱག་སར་རྩིས་རྒྱག་དགོས།

    དོ་སྣང་བྱེད་དགོས་པའི་དོན་ཚན། ✦

    1.སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་གཏན་འཁེལ་གྱི་གོ་ཆོད་དུས་ཡུན་ལོ་1ཡིན་པ་དང་། དུས་ཡུན་ཐིམ་རྗེས་སྨན་བཅོས་འགན་བཅོལ་མ་ལག་ནས་ཡང་བསྐྱར་གཏན་འཁེལ་བྱས་ན་གཞི་ནས་ནུས་པ་ཐོན་གྱི་ཡོད། 

    2.ནད་པའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་སྨན་བཅོས་བྱེད་པའི་དུས་ཚོད། དེ་སྔོན་གྱི་སྨན་པ་བསྟེན་པའི་དུས་ཚོད་དུས་གཅིག་ལ་འཁེལ་མི་རུང་། གལ་ཏེ་སྨན་བཅོས་དུས་འཁོར་གྱི་གོ་ཆོད་དུས་ཡུན་ནང་ཡང་བསྐྱར་སྨན་བླངས་ན་སྨན་རིན་རྩིས་ཞུ་བྱེད་མི་ཐུབ།

    3.སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་ཁྱབ་ཁོངས་ནས་སྨན་ལེན་པ་དང་བརྟག་དཔྱད་བྱས་ཚེ་གཞི་ནས་འགྲོ་སོང་རྩིས་ཞུ་བྱ་ཆོག་གི་ཡོད།

    4.སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་སྨན་ལེན་པའི་དུས་ཚོད་རྩ་དོན་ཐོག་ཟླ་1ཡིན་རུང་། སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་ནད་གཞི་ཞི་ལྷོད་དུ་ཕྱིན་པའི་ནད་པ་ཟླ་3བར་དུ་སྨན་ལེན་ཆོག་གི་ཡོད།

    5.མཐོང་དཀོན་པའི་ནད་རིགས་121གི་གྲས་ཕོག་པའི་བོད་ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་ནད་པས། བོད་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྲེང་ཏུའུ་ཞབས་ཞུ་ལྟེ་གནས(ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ཤིས་མན་ཆའོ་ཧེང་ཅེ་ཁྲོམ་གཞུང་སྒོ་རྟགས་ཨང་31པའི་གསེར་མདོག་ཉིང་མོང་403གཞུང་ལས་ཁང)སུ་ལག་ཁྱེར་གཉེར་ཆོག་པ་དང་། བོད་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་ནད་པས་སྨན་བཅོས་འགན་བཅོལ་ལ་ཞུགས་ས་ནས་ལག་ཁྱེར་གཉེར་དགོས། 

    6.སྨན་བཅོས་འགན་བཅོལ་ལ་ཞུགས་པའི་ནད་པས་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་འབྲེལ་ཡོད་དཔང་འཛིན(ཐོབ་ཐང་ལག་ཁྱེར་དང་། སྤྱི་ཚོགས་འགན་སྲུང་གཱ གློག་རྡུལ་དཔང་འཛིན་སོགས)ཁྱེར་ནས་སྒོ་བསྟེན་སྨན་ཁང(སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞི་ཚུད་པ)དུ་སྨན་བཅོས་དང་འགྲོ་སོང་རྩིས་རྒྱག་པར་འགྲོ་དགོས། དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་མི་གཞན་ལ་མངགས་ནས་སྨན་ཉོ་བའམ་ཡང་ན་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་གཉེར་དགོས་ཚེ། ནད་པ་རང་ཉིད་དང་མངག་ཡུལ་གྱི་ཐོབ་ཐང་ངོ་སྤྲོད་ཡི་གེ་མཁོ་འདོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།