མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་རྩེ་གྲ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གན་འཇོག་གསོལ་མགྲོན་ཁང་དུ་བཤམས་པ།
གསོལ་མགྲོན་ཁང་གི་ཚོམས་ཆེན་དུ་སྐྱོད་སྐབས་མིག་མདུན་དུ་མཐོ་ཚད་སྨི་གཉིས་གསུམ་དང་བརྗིད་ཉམས་ལྡན་ཞིང་བབ་ཆགས་པའི་ཀྲུང་གོའི་རྣམ་པའི་མེ་ཏོག་བརྒྱན་པའི་བརྩམས་ཆོས་ཤིག་མངོན་འོང་། བརྩམས་ཆོས་ཧྲིལ་པོའི་ནང་མེ་ཏོག་གི་རྒྱུ་ཆ་སྣ་ཚོགས་གཅིག་ཏུ་འདུས་ནས་ཀྲུང་གོའི་སྲོལ་རྒྱུན་གྱི་མེ་ཏོག་བརྒྱན་པའི་ཞི་དུལ་མཛེས་སྡུག་གི་རྣམ་པ་ཞིག་མངོན། འདི་ནི་གསར་འགོད་པས་པེ་ཅིང་ཧའེ་ཏན་ཆུས་སུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གན་འཇོག་གསོལ་མགྲོན་ཁང་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་མཐོང་བའི་རྣམ་པ་ཞིག་རེད།
ཧའེ་ཏན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོག་རིང་ཀྲུང་གོའི་སྲོལ་རྒྱུན་གྱི་དཔྱིད་གསར་དུས་ཆེན་དང་ཏག་ཏག་འཁེལ་བས་ཧའེ་ཏན་ཆུས་ཀྱིས་དབྱི་ཧོ་སྐྱེད་ཚལ་སོགས་ཚན་པ་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ཝུའུ་ཁོ་སུང་ལུས་རྩལ་ལྟེ་གནས་དང་རྒྱལ་སའི་ལུས་རྩལ་ཁང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཁང་2དང་དེ་བཞིན་གན་འཇོག་གསོལ་མགྲོན་ཁང་7ལ་མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་འགྲེམས་སྟོན་སོགས་འབྲེལ་ཡོད་འགྲེམས་བཤམས་ཇུས་གཞི་བབ་བསྟུན་ངང་བཟོས་ཏེ། ཕྱི་རྒྱལ་གྱི་སྐུ་མགྲོན་དང་གྲོགས་པོ་ཚོར་བསུ་བ་ཞུ་ཆེད་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པའི་ཁོར་ཡུག་ཅིག་བཏོད་ཡོད་ཅེས་ངོ་སྤྲོད་བྱས།
གཞན་ཡང་ཕར་ཆིན་དང་། ཅིང་ཅུས་ཟློས་གར་གྱི་འབག གུ་གུ་ཤ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་དང་དེ་བཞིན་ཀྲུང་གོའི་བཀྲ་ཤིས་མདུད་པ་སོགས་ཀྱི་མཛེས་རྒྱན་ཡང་ཧའེ་ཏན་ཆུས་ཀྱི་གན་འཇོག་གསོལ་མགྲོན་ཁང་7དུ་བཤམས་ནས་གསོལ་མགྲོན་ཁང་གི་ཨ་རག་བཤམས་ཁང་དང་། བར་འཁྱམས། ལོགས་འཇོག་ཁང་སོགས་ཀྱི་ས་ཁོངས་ལ་རྒྱན་སྤྲས་ཡོད། ཀྲུང་གོའི་སྲོལ་རྒྱུན་གྱི་རིག་གནས་རྣམ་པ་ལྡན་པའི་ཁོར་ཡུག་ནས་དེའི་ནང་སྡོད་མཁན་སྐུ་མགྲོན་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལོ་གསར་གྱི་རྣམ་པ་ཞིག་ཉམས་སུ་མྱོང་ཐུབ།