སྡེ་ཚན་བཅུ་ཡིས་མཉམ་འབྲེལ་ཐོག《བཟོ་སྐྲུན་ལས་རིགས་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།
བཟོ་འཕྲིན་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བཅུ་ཡིས་མཉམ་འབྲེལ་ཐོག《བཟོ་སྐྲུན་ལས་རིགས་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་ཏེ། 2025ལོར་སླེབས་སྐབས་ཐོན་ལས་སྤོ་སྒྱུར་གྱི་སྲིད་ཇུས་ཁོར་ཡུག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དབུས་ནུབ་རྒྱུད་དང་བྱང་ཤར་ས་ཁུལ་གྱི་ཐོན་ལས་སྤོ་སྒྱུར་ཁུར་ལེན་གྱི་ནུས་པ་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་དང་། ས་ཁུལ་ཁག་གི་ལེགས་ཆ་འདོན་སྤེལ་གང་ལེགས་ཐུབ་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོར་གཞིས་ཚུགས་ཏེ་གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་གཞི་རྐྱེན་གཙོ་བོའི་ལེགས་ཆ་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ། བཟོ་སྐྲུན་ལས་རིགས་ཀྱི་ཁྱབ་ཚུལ་སྔར་བས་ལེགས་སུ་དང་ས་ཁོངས་ཀྱི་མཐུན་སྦྱོར་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་བཅས་བཏོན་ཡོད་པ་རེད།
མིག་སྔར། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་མགྱོགས་མྱུར་བསྐྱར་སྒྲིག་བྱེད་བཞིན་ཡོད་པས། རང་རྒྱལ་གྱི་ཐོན་ལས་མ་ལག་གི་ཆ་ཚང་རང་བཞིན་དང་ཐོན་ལས་འཁོར་སྦྲེལ་གྱི་བདེ་འཇགས་བརྟན་ལྷིང་ལ་འགྲན་སློང་ཆེ་ཙམ་འཕྲད་བཞིན་ཡོད། དེ་དང་ཆབས་ཅིག རང་རྒྱལ་གྱི་ས་ཁོངས་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས་པ་དང་། ཐོན་ལས་འཕེལ་རྒྱས་འཐབ་ཇུས་ཀྱི་ཟབ་ངོས་ལེགས་ཆ་འདོན་སྤེལ་གང་ལེགས་ཐུབ་མེད་པས། སྲིད་ཇུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་དགོས་ཀྱི་ཡོད། བཟོ་འཕྲིན་པུའི་འབྲེལ་ཡོད་འགན་འཁུར་བས་བཟོ་སྐྲུན་ལས་རིགས་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་ཀྱི་བར་སྟོང་བཀོད་ཇུས་ལེགས་གཏོང་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད། བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་རེད་ཅེས་བཤད།
ཐོན་ལས་ཀྱི་ཟུར་ཚད་ནས། 《བསམ་འཆར》ནང་ངལ་རྩོལ་འདུས་ཆེའི་ཐོན་ལས་དབུས་ནུབ་རྒྱུད་ཀྱི་ངལ་ནུས་ཕུན་སུམ་ཚོགས་པ་དང་ས་བབ་དང་འགྲིམ་འགྲུལ་སྟབས་བདེ་བའི་ས་ཁུལ་དུ་གཙོ་གནད་ཐོག་སྤོ་སྒྱུར་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། ལག་རྩལ་འདུས་ཆེའི་ཐོན་ལས་དབུས་ནུབ་རྒྱུད་དང་བྱང་ཤར་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་དང་ཞིང་ཆེན་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཕལ་པ་སོགས་གསར་གཏོད་ཀྱི་གཞི་རྐྱེན་གཙོ་བོ་ཕུན་སུམ་ཚོགས་པ་དང་ཐོན་ལས་ཀྱི་རྨང་གཞི་ལེགས་པའི་ས་ཁུལ་དུ་སྤོ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པ་སོགས་བཏོན་ཡོད།
ས་ཁོངས་ཀྱི་ཟུར་ཚད་ནས། 《བསམ་འཆར》ལ་གཞིགས་ན། ས་ཁུལ་ཁག་ལ་ཐོན་ཁུངས་ཁོར་ཡུག་གི་གཞི་རྐྱེན་གཙོ་བོའི་ལེགས་ཆ་དང་། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི། ནུས་རྒྱུ་ཟད་གྲོན་གྱི་ཚོད་འཛིན་གཉིས། ཐཱན་ཚད་མཐོ་ཤོས་དང་ཐཱན་རྫས་སྙོམ་སྦྱོར་བཅས་ཀྱི་དམིགས་ཚད་སྤྱི་འདོམས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཧེ་བག་ཅན་གྱིས་ཐོན་ལས་སྤོ་སྒྱུར་ཁུར་ལེན་བྱ་རྒྱུ་ཡིན་པ་རེད། གཅིག་ནས་ས་ཁོངས་ཁག་གི་དགེ་མཚན་ཆེ་རིགས་འདོན་སྤེལ་བྱས་ཏེ་དབུས་རྒྱུད་དང་། ཤར་རྒྱུད། ནུབ་རྒྱུད་བཅས་དང་བྱང་ཤར་ས་ཁུལ་གྱི་གཙོ་གནད་ཁུར་ལེན་ཁ་ཕྱོགས་བཟོ་དགོས་པ་དང་། གཉིས་ནས་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་དང་། གསར་བརྗེའི་ཁུལ་རྙིང་། མཐའ་མཚམས་ས་ཁུལ་སོགས་དམིགས་བསལ་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་གཙིགས་ཆེན་བྱས་ཏེ་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔོག་འདོན་དང་། འཕེལ་རྒྱས་ཀྱི་བར་སྟོང་རྒྱ་སྐྱེད། ཁྱད་ལྡན་ཐོན་ལས་ཁུར་ལེན་དང་འཕེལ་རྒྱས་གཏོང་བར་ལྕག་སྐུལ་བཅས་བྱེད་དགོས་པ། གསུམ་ནས་ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཚོམ་བུར་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་སྤོ་རྒྱུར་ཁུར་ལེན་བྱེད་པར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
ཐོན་ལས་སྤོ་སྒྱུར་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 《བསམ་འཆར》ནང་ཐོན་ལས་སྤོ་སྒྱུར་གྱི་མཉམ་ལས་བྱེད་སྟངས་གསུམ་གསར་གཏོད་བྱས་ནས་བཏོན་པ་སྟེ། གཅིག་ནི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་གྱི་གོང་འོག་འབྲེལ་མཐུད་མཉམ་ལས་བྱེད་སྟངས་ལ་སྐུལ་འདེད་བཏང་ནས། འགྲན་རྩོད་ནུས་པ་ལྡན་པའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་གྱི་སྐྱེ་ཁམས་མ་ལག་གཏོད་པ་དང་། གཉིས་ནི་ས་ཁོངས་དབར་གྱི་ཐོན་ལས་སྤོ་སྒྱུར་མཉམ་ལས་བྱེད་སྟངས་གསར་གཏོད་བྱས་ཏེ། ཤར་རྒྱུད་ས་ཁུལ་གྱིས་ཚབ་གཉེར་དང་མཉམ་སྐྲུན་སོགས་ཀྱི་རྣམ་པར་བརྟེན་ནས་དབུས་ནུབ་རྒྱུད་དང་བྱང་ཤར་ས་ཁུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། གསུམ་ནས་ཚན་རྩལ་གྱི་གྲུབ་འབྲས་ས་ཁོངས་བརྒལ་ནས་སྤོ་སྒྱུར་མཉམ་ལས་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་ཤར་རྒྱུད་ས་ཁུལ་གྱི་ཚན་རྩལ་གསར་གཏོད་གྲུབ་འབྲས་དབུས་ནུབ་རྒྱུད་དང་བྱང་ཤར་ས་ཁུལ་དུ་སྐྱེད་སྲིང་གཞན་སྒྱུར་བྱེད་པར་ལྕག་སྐུལ་བྱེད་པ་བཅས་རེད།