ཀུན་བཟང་རྡོ་རྗེས་ནད་པར་རྩ་ལྟ་བཞིན་པ།
ཐུང་ཐུང་དུ་བཞག་པའི་མགོ་སྐྲ་ནག་ཅིང་སྣུམ་ལ། བྱད་བཞིན་དེ་ཙམ་དཀར་པོ་མེད་ཀྱང་། ངོ་མདོག་ལས་མདངས་ཤིག་འཕྲོས་ཚུལ་ལ་བལྟས་ན། ལང་ཚོའི་གཟི་དཔལ་རྒྱས་པའི་གཞོན་སྐྱེས་ཀྱི་ཉམས་ཤིག་མངོན་འོང་། ཆེ་མིན་ཆུང་མིན་གྱི་གཟུགས་བྱད་དེ་དང་། དལ་མིན་བྲེལ་མིན་གྱི་རྩོལ་བའི་སྟངས་སྟབས་ཤིན་ཏུ་ཆ་མཉམ། སྨིན་མ་ཅུང་ཙམ་བསྡུས་ནས་མནོ་བསམ་དང་བཅས་པའི་གཏམ་སྨྲ་བ་ནི་ཁོང་གི་གོམས་གཤིས་ཡིན་པ་འདྲ། གཞོན་སྐྱེས་ཁོང་ནི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་གྱི་བོད་ལུགས་སྨན་པ་ཀུན་བཟང་རྡོ་རྗེ་རེད།
མི་ལོ་1300ལྷག་གི་ལོ་རྒྱུས་ལྡན་ཞིང་། ཉམས་གསོ་བྱས་པའི་མཐའ་འདུལ་གྱི་གཙུག་ལག་ཁང་སྟེ། མཁོ་མཐིང་ལྷ་ཁང་གི་ནུབ་ཟུར་དེ་ན། ཀུན་བཟང་རྡོ་རྗེའི་ཉིས་ཐོག་སྨན་ཁང་ཆགས་འདུག ཞོགས་པའི་ཉི་ཟེར་རི་རབ་ཀྱི་རྩེ་མོར་འཕྲོས་དུས། ཁོང་དང་ཁོང་གི་དགེ་ཕྲུག་ལས་རོགས་ཚོས་སྨན་ཁང་དེ་རུ་ནད་པ་ཁ་ཤས་བལྟས་ཟིན། དེ་ཁྲོད་ན་མཚོ་སྨད་རྫོང་གི་ནད་པ་ཡོད་ལ། ལྷོ་བྲག་རི་སུལ་གྱི་ཐག་རིང་ཡུལ་མིའང་འདུག ཀུན་བཟང་རྡོ་རྗེས་གསུངས་པར་གཞིགས་ན། བོད་ཀྱི་མཐའ་མཚམས་ཡུལ་དུ་གནས་པའི་བོད་སྨན་སྒོ་བསྟེན་སྨན་ཁང་དེ་རུ། ཐོག་མའི་རང་ངོས་ཀྱི་བསམ་འདུན་ཇི་བཞིན། མི་ལོ་བཅུ་གསུམ་གྱི་ལང་ཚོ་དེ་ལྟར་འདས་སོང་ཟེར།
1982ལོར་ཀུན་བཟང་རྡོ་རྗེ་ལྷོ་བྲག་རྫོང་སེང་གེ་ཤང་དགེ་བཅུ་གྲོང་ཚོར་སྐྱེས་ཤིང་ཕྱིས་སུ་ཁྱིམ་གཞིས་ལྷ་ཁང་གྲོང་རྡལ་དུ་སྤོས། ཆུང་ངུའི་དུས་སུ་རང་གི་ཡབ་ཀྱི་དྲུང་ནས་བོད་ཡིག་གི་འབྲི་ཀློག་སོགས་སྦྱངས། རང་ལོ་13ཙམ་ནས་བཟུང་རང་ཡུལ་གྱི་སྨན་པ་རྐང་རྗེན་མ་སོགས་འགྲོ་བ་ནད་པའི་ནད་གདུང་ཟུག་རྔུ་ལས་སྐྱོབ་མཁན་གྱི་ལས་རིགས་དེ་ལ་ཤིན་ཏུ་ཡིད་སྨོན་སྐྱེ་བ་དང་། རང་ཉིད་སྨན་པ་བྱེད་འདོད་ཀྱི་བསམ་འདུན་ཡང་ཁོང་ཚོར་བརྗོད་མྱོང་བས། རང་ཡུལ་གྱི་སྨན་པ་རེ་ཟུང་གིས་ཁོང་ལ་སྨན་གཞུང་རྔན་པར་སྤྲོད་མྱོང་བ་དུས་ད་ལྟའང་མ་བརྗེད་སེམས་ལ་ངེས་འདུག སྐབས་དེ་ནས་བཟུང་ཀུན་བཟང་རྡོ་རྗེར་ཐོག་མར་བོད་ཀྱི་གསོ་རིག་ཤེས་བྱ་རང་སྦྱོང་བྱེད་པའི་སྐལ་བ་ཐོབ། རང་ལོ་18ཟིན་པའི་ལོར་ཁོང་དུ་ཆུད་པའི་ཤེས་བྱའི་རྨང་གཞི་དང་གོ་སྐབས་མཐུན་རྐྱེན་གང་ཅིར་བརྟེན་ནས་ཡིག་རྒྱུགས་བཏང་སྟེ། སྤྱི་ལོ་2000ལོ་ནས་2004ལོའི་བར་སྐབས་དེའི་ལྷོ་ཁ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཆེད་ལས་བོད་སྨན་འཛིན་གྲྭར་བོད་སྨན་སྨན་གཞུང་ཁག་ལ་སློབ་སྦྱོང་བྱས།
སྤྱི་ལོ་2004ནས་སྤྱི་ལོ་2008ལོ་བར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དར་མའི་འཛིན་གྲྭར་སྨན་རྩིས་རིག་པའི་གཞུང་ལུགས་ཁག་ལ་སྦྱང་བརྩོན་ལྷོད་མེད་ཀྱིས་སློབ་མཐར་ཕྱིན། སྤྱི་ལོ་2008ཀྱི་ལོ་འགོར་ཕ་ཡུལ་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་དུ་ལོག་སྟེ། སྤྱི་སྒེར་གང་ཅིའི་ཆ་རྐྱེན་ལ་གཞིགས་ཏེ་མཁར་ཆུ་བོད་སྨན་ཕན་བདེའི་གླིང་ཞེས་པའི་སྒོ་བསྟེན་སྨན་ཁང་ཐོག་མར་བཙུགས། དེའི་རིང་གི་ལས་ཞོར་དུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཡིག་སྤྲིངས་བོད་སྨན་འཛིན་གྲྭར་རྒྱུགས་འཕྲོད་དེ་བོད་སྨན་སྨན་རྫས་ཁག་གི་ངོས་འཛིན་དང་འདུལ་སྦྱོང་། སྦྱོར་སྡེབ་དང་ཞིབ་འཇུག་བྱ་ཚུལ་སོགས་ལ་དུས་ཡུན་ལོ་གསུམ་ཙམ་གྱི་སློབ་སྦྱོང་བྱས་ཏེ་ཆེད་ལས་སློབ་ཆེན་ཐོན་པའི་སྨན་པ་བཀའ་བཅུའི་གོ་མིང་བླངས།
ཆེ་བཙུན་གྱི་བླ་སྨན་མ་བྱེད་པར་སྤྲང་ལོང་བརྩེ་བས་སྐྱོངས།
ནག་ཆང་ཕྱོགས་སུ་མ་འདོད་པར་དཀར་གསུམ་ལྟོ་ལ་བསྟེན།
རྟ་དྲེལ་བཞོན་པ་སྤོངས་ལ་ནད་པའི་བྲན་དུ་རྒྱུགས།
མི་ཤེས་ཤེས་པར་མ་རློམས་རྒས་ཀྱང་སློབ་གཉེར་མཛོད།
མི་སྲོག་ལ་ཚོད་ལེན་མ་བྱེད་མི་ཤེས་པ་ངོས་ལོངས།
དེ་དང་དེ་ལ་སོགས་རྗེ་བཙུན་གཡུ་ཐོག་པས་གཙོ་བོར་བྱས་པའི་སྨན་པའི་ཀུན་སྤྱོད་གདམས་པ་སྐབས་ཐོག་གང་དུའང་ཡིད་ལ་བཅངས་ཏེ། དུས་ཡུན་མི་ལོ་13རིང་ཀུན་བཟང་རྡོ་རྗེས་ཡུལ་པའི་མི་རྣམས་ལ་ནད་བཅོས་སྲོག་སྐྱོབ་དང་བོད་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་དང་གོང་འཕེལ་ཐད་རང་ནུས་གང་ཡོད་ཀྱི་འབད་བརྩོན་བྱས།
ཤར་ན་སྟོང་རི་ཉི་ཤར།
ནུབ་ལ་སྐུ་ལྷ་མཁའ་རི།
བྱང་དུ་ཁྲ་ལྷ་ཐོད་གངས།
མདའ་རུ་ཤར་ཆུ་ནུབ་ཆུ།
ས་འདི་དགེ་བཅུ་འཛོམས་པ།
སྦས་ཡུལ་སྐྱིད་མོའི་ལྗོངས་རེད།
གཞོན་སྐྱེས་སྨན་པ་ཀུན་བཟང་རྡོ་རྗེ་དང་ངེད་ཚོ་གསར་འགོད་པ་རྣམས་གཏམ་གླེང་བྱེད་པའི་ཞོར་ལ་ཁོང་གིས་གཅེས་པར་འཛིན་པའི་རང་ཡུལ་གྱི་ཆགས་ཚུལ་དེ་ལྟར་ང་ཚོར་ངོ་སྤྲོད་བྱས་ཤིང་། དོན་གྱི་མདོ་ཁ་ནི་ལྷོ་བྲག་གི་ཤིན་ཏུ་འཛོམས་པའི་ཡུལ་ལུང་ཐོན་ཁུངས་ཀྱི་ཁྱད་ཆོས་དང་། བོད་ལུགས་གསོ་རིག་གི་བྱ་གཞག་གོང་འཕེལ་ཐད་ཁོང་གིས་བསམ་ཕོད་པ་དང་བྱེད་ཕོད་པའི་བློ་ཁོག་ཅིག་ང་ཚོས་ཤུགས་ལ་རྟོགས་འོང་།
སྤྱི་ལོ་2013ལོར་ཀུན་བཟང་རྡོ་རྗེས་ཀུང་སིའི་སྤྱི་ཁྱབ་ལས་འཛིན་གྱི་འགན་འཁུར་བ་བྱས་ཏེ། བོད་ལྗོངས་ནོར་བུ་བཻཌཱུརྱ་བོད་སྨན་སྨན་རྫས་ཁྱབ་སྤེལ་ཚད་ཡོད་ཀུང་སི་དང་། ལྷ་ཁང་བོད་སྨན་སྨན་རྫས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ཞེས་པ། མང་ཚོགས་དུད་ཁྱིམ་29 དང་མི་གྲངས་113 ཡོད་པའི་མཉམ་ལས་ཁང་ཞིག་བཙུགས་ཐོག་གཞི་ཁྱོན་མུའུ་བརྒྱ་ལྷག་ཙམ་གྱི་བོད་སྨན་སྨན་རྩྭ་འདེབས་འཛུགས་ཀྱི་རྟེན་གཞི་དང་། མཁར་ཆུའི་སྨན་སྤོས་བཟོ་གྲྭ་བཙུགས་ནས་ཁུལ་དེའི་མང་ཚོགས་རྣམས་ལ་མ་རྐང་ཡོང་འབབ་བགོ་འགྲེམས་དང་ལས་ཞུགས་ཐག་གཅོད་སོགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་མི་དམན་པ་ཐོབ།
སྤྱི་ལོ་2016ལོ་ནས་འགོ་བཙུགས་ཏེ་རིམ་ཁག་ཚན་པའི་མ་དངུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་པའི་འོག ཀུན་བཟང་རྡོ་རྗེས་སློབ་ཆེན་ཐོན་པའི་སློབ་མ་མི་གྲངས་བརྒྱད་དང་མཉམ་དུ་མཁར་ཆུ་བོད་སྨན་བཟོ་གྲྭ་ཞེས་པའི་དེང་དུས་ཀྱི་སྔོན་ཐོན་སྒྲིག་ཆས་དང་ལས་མི་སོགས་ཡོད་པའི་སྨན་སྦྱོར་འཁོར་ཁང་གསར་རྒྱག་བྱས་ཏེ། “མཁར་ཆུའི་བོད་སྨན”ཞེས་པའི་མཚན་སྙན་བཏོད་ཅིང་། ཆོག་འཐུས་ཨང་རྟགས་ཡོད་པའི་བོད་སྨན་སྣེ་ཁ་བཅུ་གྲངས་ཤིག་ཐོན་སྐྱེད་བྱས་པས་བོད་སྨན་བྱ་གཞག་དང་། ནད་བཅོས་སྲོག་སྐྱོབ་སོགས་ཀྱི་ཐད་རང་ནུས་གང་ཡོད་ཀྱི་འབད་བརྩོན་ཧུར་ཐག་བྱས་ཏེ། བྱ་གཞག་གསར་གཏོད་དང་ལས་ཞུགས་ལས་གཏོད། ཕྱུག་འགྱུར་སྣེ་ཁྲིད་སོགས་ཀྱི་ལས་དོན་ཅི་ཐུབ་སྤེལ།
གསར་འགོད་པས་བཅར་འདྲི་ཞུ་རིང་། ཀུན་བཟང་རྡོ་རྗེས་2021ལོར་སླར་ཡང་མ་དངུལ་སྒོར་ཁྲི་ཚོ་400ལྷག་གྲབས་གསོག་བྱས་ཏེ། ལྷ་ཁང་གྲོང་རྡལ་དུ་བོད་ལུགས་གསོ་རིག་གི་ཁྱད་ཡོན་ལྡན་པའི་བདུད་རྩི་སྨན་ལུམས་ཁང་དང་། ཡུལ་སྐོར་བའི་མགྲོན་ཁང་། སྣེ་ལེན་ཟ་ཁང་སོགས་ཕྱོགས་བསྡུས་ཞབས་ཞུའི་ཁུལ་ཞིག་བསྐྲུན་ཟིན་ཏེ་མཛེས་བཟོ་བྱེད་བཞིན་པའི་སྒང་རེད། ངེད་ཚོའི་བསམ་ཚོད་ལ་ཕྱོགས་བསྡུས་ཞབས་ཞུའི་ཁུལ་དེ་ལས་གཉེར་བྱས་རྗེས་ཡུལ་པའི་གཞོན་ནུ་ཚོའི་ལས་ཞུགས་དཀའ་ངལ་ཁག་གཅིག་སེལ་ཐུབ་རྒྱུ་མ་ཟད། མཐའ་མཚམས་ཀྱི་ཡུལ་དེའི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་དང་མཐའ་བརྟན་དམངས་ཕྱུག་ལ་ལེགས་སྐྱེས་ཕུལ་ཐུབ་རྒྱུར་ཡིད་ཆེས་ཀྱིས་ཁེངས།
ས་དགེ་བཅུ་འཛོམས་པའི་ལྷོ་བྲག་གི་ཡུལ་ལུང་དེ་རུ། གནའ་སྔ་མོའི་དུས་ནས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་མཁན་གྱི་སྐྱེ་བུ་དམ་པ་མང་དག་ཐོན་མྱོང་ལ། དེང་གི་ཆར་ཡང་སྨན་པ་ཀུན་བཟང་རྡོ་རྗེ་ལྟ་བུའི་གཞོན་སྐྱེས་ཚོས། རང་རང་གི་ཐོག་མའི་བསམ་འདུན་མཐའ་བཞིའི་རི་རབ་ཀྱི་མཐིལ་དུ་བཅུར་ནས་མ་བཞག་པར། རང་ཡུལ་གྱི་ཐོན་ཁུངས་ལེགས་ཆ་དང་ཕྱི་རོལ་གྱི་རྒྱལ་ཁམས་བར་སྦྲེལ་ཟམ་གང་ལེགས་བཙུགས་ཟིན་པ་རེད། དེ་ལྟ་བུའི་སེམས་ཁམས་རི་ཁུག་ནང་ནས་བཅིངས་འགྲོལ་གཏོང་ཕོད་པ་ནི་སྐྱེ་བོ་ཀུན་གྱིས་མིག་དཔེར་འོས་སོ། གསར་འགོད་པ། དཔལ་མཆོག བསོད་ནམས་སྟོབས་ལགས། ལྷག་པ་ཚེ་རིང་།