དབུ་ཤོག>གསར་འགྱུར།
  • རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-20

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་དགོས། དེ་ནི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཅིག་ཡིན་པས་ཀྲུང་དབྱང་གི་དགོངས་དོན་དང་རྦད་དེ་འཚམ་པ་དང་། བོད་ཀྱི་དོན་དངོས་དང་འཚམ་པ། མི་རིགས་ཁག་གི་མི་དམངས་ཀྱི་བསམ་འདུན་དང་མཐུན་པ་བཅས་བྱུང་ཡོད་ཅེས་གསལ་པོར་བཏོན་ཡོད།

    རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་པར། ངེས་པར་དུ་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་སར་ཏང་གི་འགོ་ཁྲིད་ཁྱབ་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་སྐྱོད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་ནས་མཐུན་སྦྱོར། མི་རིགས་ལས་དོན་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ། སྡེ་ཚན་ཁག་གིས་ཕྱར་བ་གྲུ་འདེགས། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།

    རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་པར། ངེས་པར་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་དང་། རྒྱལ་གཅེས་རིང་ལུགས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། བོད་གསར་རྙིང་བསྡུར་བ། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”བཅས་ཀྱི་སློབ་གསོ་ཤུགས་ཆེན་སྤེལ་བ་དང “ལོ་རྒྱུས་བཞི”དང་དེ་བཞིན་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་རྒྱུན་མཐུད་ངང་སྤེལ་བ། མི་རིགས་ཁག་གི་མང་ཚོགས་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བཅས་བྱས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་འདུ་འགོད་ལ་གང་མགྱོགས་སྐུལ་འདེད་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བརྗོད་དོན་གཙོ་བོའི་སྤྱི་གླིང་། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་བཅས་བསྐྲུན་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་རིག་གནས་ནི་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་འབྲེལ་ཐག་དང་སེམས་ཀྱི་རྟེན་སར་བརྩི་བ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་འདུ་ཤེས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱེད་དགོས།

    རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་པར། ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག་དང་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། གཅིག་གྱུར་བཀོད་སྒྲིག་དང་། སྤྱི་འདོམས་འཆར་འགོད། ཚན་རིག་དང་མཐུན་པའི་འཆར་འགོད། ཕྱོགས་ཡོངས་ལ་སྐུལ་འདེད་བཅས་གཏོང་དགོས། མི་ཆོས་རིག་གནས་ཅན་དང་། སྤྱི་དམངས་ཅན། དངོས་གཞི་ཅན་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རྒྱུ་དེ་ལས་ཁུངས་དང་། ཤང་དང་གྲོང་རྡལ། གྲོང་ཚོ་གྲོང་ལྷན། སློབ་གྲྭ ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས། ཁེ་ལས། མཛེས་ལྗོངས་ཁུལ། ཁྱིམ་ཚང་བཅས་སུ་ཁྱབ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་རིགས་ཁག་གི་མི་དམངས་ཡག་བཅས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་རྒྱུ་ཁྱབ་ཁོངས་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཡངས་པ། དེ་བས་གཏིང་ཟབ་པ་བཅས་ཀྱི་ཕྱོགས་སུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་ནས། ས་ཁུལ་དང་གྲོང་ཁྱེར་ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་དང་གྲོང་ཁྱེར་དུ་འགྱུར་བ་བྱེད་པ་དང་། རྫོང(ཆུས)ཚང་མ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང(ཆུས)དུ་བསྐྲུན་ཐུབ་པའི་འགན་ལེན་བྱེད་དགོས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། ཞིབ་ཕྲའི་འགན་འཁྲི་དོན་འཁྱོལ་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་བསམ་འཆར་ཞིབ་བཟོ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཁྲིམས་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དེ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།