《མལ་གྲོའི་ཕུགས་འདུན་གཏོད》ཅེས་པའི“སྐལ་བཟང་མེ་ཏོག་བཞད། ནན་ཅིང་གི་མལ་གྲོའི་གཟའ་འཁོར”སྐབས་གསུམ་པ་ནན་ཅིང་གྲོང་ཁྱེར་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། ས་གནས་ས་ཐོག་ཏུ་ལྟད་མོ་བས་སྙན་འཇེབས་ལྡན་པའི《མལ་གྲོའི་དམངས་གཞས》ཉན་པ་དང་། བོད་རིགས་ཀྱི་ཁྱད་ལྡན་ཞབས་བྲོ《དར་ཞིང་རྒྱས་པའི་ལོ་ངོ་བརྒྱར་རྟེན་འབྲེལ་ཞུ》 《དགའ་སྤྲོ་འཁོལ་བའི་བྱང་ཐང》བལྟས་པ་མ་ཟད། དག་པའི་རྫ་དཀར་བཟོ་སྟངས་དང་ཇ་མངར་མོ་དང་ཇ་བསྲུབས་མའི་བྲོ་བའང་མྱངས་པ་རེད། འགོ་ཚུགས་མཛད་སྒོ་དང་དུས་གཅིག་ཏུ་སྤེལ་བའི“གནམ་མཐའི་མལ་གྲོ་ལས་བོད་ལྗོངས་མངོན”ཞེས་པ་ནི“སྐལ་བཟང་མེ་ཏོག་བཞད། ནན་ཅིང་གི་མལ་གྲོའི་གཟའ་འཁོར”སྐབས་གསུམ་པའི་བཀྲག་མདངས་འཚེར་ས་གཙོ་བོའི་བྱེད་སྒོ་ཞིག་རེད།
“སྐལ་བཟང་མེ་ཏོག་བཞད། ནན་ཅིང་གི་མལ་གྲོའི་གཟའ་འཁོར”རིང་། “གནམ་མཐའི་མལ་གྲོ་ལས་བོད་ལྗོངས་མངོན”ཞེས་པའི་ས་གཙང་ཐོན་རྫས་དང་རིག་གནས་འགྲེམས་ཚོགས་ཐོག་འགྲེམས་སྟོན་སྒོ་འབྱེད་ཉིན་མོ་དང་། མངོན་མིན་རིག་གནས་ཤུལ་བཞག་ཉིན་མོ། ཞིམ་ཟས་ཉིན་མོ། རིག་གནས་ཡུལ་སྐོར་ཉིན་མོ། འཚོ་བའི་ཉིན་མོ་བཅས་ཉིན་རེར་བརྗོད་དོན་གཙོ་བོ་རེ་ཡོད་པ་དང་། ཉིན་རེའི་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ་རིག་རྩལ་འཁྲབ་སྟོན་དང་ཐད་གཏོང་ཟོག་ཚོང་སོགས་ཀྱི་རྣམ་པར་བརྟེན་ནས་བོད་ཀྱི་མི་རིགས་གླུ་གར་དང་། བརྗོད་དོན་གཙོ་བོའི་ཉམས་ལེན་མཉམ་འགུལ། མལ་གྲོའི་པད་ཁའི་སྣུམ་འོས་སྦྱོར་སོགས་ཀྱི་ནང་དོན་འགྲེམས་སྟོན་བྱས་པ་རེད།
རིག་གནས་ནི་སེམས་པ་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་ལྟ་བུ་ཡིན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ལོ་རྒྱུས་དང་རིག་གནས་ལ་ཐོབ་པའི་གྲུབ་འབྲས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད། ནན་ཅིང་དང་མལ་གྲོ་ས་གནས་གཉིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་སྤེལ་རེས་དང་རིག་གནས་མཉམ་འགུལ་ཟབ་ཏུ་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་ཆེ་རུ་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ་མལ་གྲོའི་མངོན་མིན་རིག་གནས་ཤུལ་བཞག་དེ་བས་མང་བ་ཁྲོམ་རར་འདོན་པ་དང་མི་སེར་གྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱ་ཆེད། ནན་ཅིང་གྲོང་ཁྱེར་གྱི་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་ལས་དོན་ཚོགས་ཆུང་ཁག་དགུ་པའི་སྐུལ་འདེད་འོག“གནམ་མཐའི་ཕ་ས། བོད་ལུགས་འཚོ་བའི་འགྲེམས་ཁང”ཀའོ་ཁྲུན་ཁང་དེ་ཉིད་ཀའོ་ཁྲུན་ཁྲོམ་གཞུང་རྙིང་པར་སྒོ་ཕྱེ་བ་རེད།
མལ་གྲོའི་ཉམས་འགྱུར་གྱིས་ཕྱུག་པའི་བོད་ལུགས་འཚོ་བའི་འགྲེམས་ཁང་གིས་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། འགྲེམས་ཁང་དུ་སྐྱོད་སྐབས་དག་པའི་རྫ་དཀར་དང་། ཟོན་པ་ལྷམ། བོད་བཟོའི་སྒྲིག་ཆས། བོད་བཟོའི་ཤིང་སྡེར། ཐང་ག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་དང་རིག་གནས་བསམ་བཀོད་ཐོན་རྫས་གྲལ་འགྲིག་པོས་བཤམས་ཡོད་ཅིང་། དེ་དག་གི་ཚོས་མདོག་ཧར་ལ་བཀོད་པ་ལེགས་པས་བོད་མི་རིགས་ཀྱི་འཚོ་བའི་ཉམས་འགྱུར་ཇི་མ་ཇི་བཞིན་མངོན་ཡོད་པ་རེད།
དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྱོན་ཡོངས་ནས་མཇུག་འགྲིལ་བ་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་གང་མགྱོགས་སྐུལ་འདེད་གཏོང་བའི་དུས་མཚམས་སུ་སླེབས། ནན་ཅིང་དང་མལ་གྲོའི་དབར་གྱི་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ས་གནས་གཉིས་པོའི་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་བ། མལ་གྲོ་གུང་དཀར་རྫོང་གི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་ཤེས་ལྡན་མི་སྣའི་འཇུར་མིག་ལས་སྒྲོལ་བ་བཅས་བྱ་ཆེད། “ནན་ཅིང་དང་མལ་གྲོའི་དབར་གྱི་བརྩེ་སེམས། ཐུན་མོང་ཐོག་ཕུགས་འདུན་གཏོད”ཅེས་པའི་མལ་གྲོ་གུང་དཀར་རྫོང་གི་ཏང་སྲིད་ལས་བྱེད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་བྱང་ཚད་མཐོར་གཏོང་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་ནན་ཅིང་གྲོང་ཁྱེར་ཤིས་ཞ་ཆུས་ཨུད་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད།
དུས་ཡུན་ཉིན་12ཀྱི་ཆེད་དོན་གསོ་སྦྱོང་ཐེངས་11ལ་སློབ་ཁང་གི་ཆེད་དོན་སློབ་ཁྲིད་ཡོད་ལ་ས་གནས་ས་ཐོག་གི་རྟོག་ཞིབ་དང་བརྟག་ཞིབ་ཀྱང་ཡོད། སློབ་ཁང་དུ་སློབ་ཁྲིད་བྱེད་སྐབས་ཏང་གི་ལོ་རྒྱུས་གསལ་འགྲེལ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འགྲེལ་བཤད། ནན་ཅིང་གི་ཆུས་དང་། རྫོང་། གྲོང་གསེབ་བཅས་ཁག་གི་འཛུགས་སྐྲུན་གྱི་ཉམས་མྱོང་སོགས་མཉམ་སྤྱོད་བྱས་པ་དང་། ས་གནས་ས་ཐོག་གི་རྟོག་ཞིབ་དང་བརྟག་ཞིབ་བྱེད་སྐབས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་རེད། དུས་བབ་གསར་པ་དང་ལས་འགན་གསར་པ་དང་དེ་བས་ལེགས་པའི་སྒོ་ནས་འཚམ་མཐུན་ཡོང་བ་དང་། མལ་གྲོ་གུང་དཀར་རྫོང་གི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དེ་བས་ལེགས་པ་གཏོང་ཆེད། ཤིས་ཞ་ཆུས་ཀྱིས་ད་དུང་སྤྱི་ཚོགས་བཅོས་སྐྱོང་ཐད་འཚོལ་ཞིབ་ཧུར་ཐག་བྱས་པའི་ཉམས་མྱོང་དང་བྱེད་ཐབས་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་རེད།
དམིགས་བསལ་གསོ་སྦྱོང་མཇུག་འགྲིལ་ནས་ལྟ་སྦྱོང་ཟླ་བ་གསུམ་བྱས་རྗེས་སློབ་གཉེར་བའི་དགའ་སྣང་དང་། ཆེད་ལས། ནུས་པ་བཅས་ལ་གཞིགས་ནས་འབྲེལ་ཡོད་ཁེ་ལས་ཀྱི་ལས་གནས་མི་འདྲ་བར་ལྟ་སྦྱོང་བྱེད་པར་འོས་སྦྱོར་བྱས་པ་རེད། ལྟ་སྦྱོང་གི་དུས་ཡུན་ཐིམ་པ་དང་ལྟ་སྦྱོང་གི་གནས་ཚུལ་དང་མི་སྤྱོད་ཁེ་ལས་ཀྱི་བསམ་འཆར་ལ་གཞིགས་ནས་ནན་ཅིང་གྲོང་ཁྱེར་མི་སྤྱི་ཅུས་དང་མཐུན་སྦྱོར་བྱས་ཏེ་ལས་ཞུགས་ལས་གནས་མཁོ་འདོན་བྱེད་པ་དང་། སློབ་མ་དང་མི་སྤྱོད་ཁེ་ལས་དབར་ལས་ཞུགས་ཀྱི་གཉིས་མོས་གདམ་གའི་ལས་སྟེགས་བསྐྲུན་ཏེ་ཕྱོགས་གཉིས་པོས་རང་མོས་གདམ་ག་བྱེད་ཀྱི་ཡོད་པ་རེད།
ཉིན་ཤས་བསྟུད་མར་ནན་ཅིང་གྲོང་ཁྱེར་གྱི་མཚན་མོ་ཧ་ཅང་འཁྲུག་ཆ་དོད་ཅིང་། “མཚན་མོའི་ནན་ཅིང་འཕྲད། མལ་གྲོ་གསར་པའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པའི་ནན་ཅིང་དང་མལ་གྲོའི་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་སྐབས་གསུམ་པ་གྲོང་ཁྱེར་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། དགའ་ནེའུ་དུས་ཆེན་གཉེར་ཡུལ་དུ་ནན་ཅིང་གི་གྲོང་མི་ཅ་རུའུ་ཀྲུང་གིས་མལ་གྲོ་གུང་དཀར་གྱི་ཁྱད་ལྡན་ཐོན་རྫས་ཁྱེར་ཏེ“འདི་ལོ་ནི་ནན་ཅིང་གྲོང་ཁྱེར་གྱིས་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་26འཁོར་བའི་ལོ་རེད། ནན་ཅིང་ནས་མལ་གྲོའི་གཅེན་གཅུང་མིང་སྲིང་ཚོའི་སེམས་རྩ་འཁོལ་བའི་འཁྲབ་སྟོན་ལྟ་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་། གླུ་གཞས《ནན་ཅིང་དང་མལ་གྲོ་ཁྱིམ་ཚང་གཅིག་ལྟར་བརྩེ》ཞེས་པ་ལས་ང་ཚོ་ས་གནས་གཉིས་ཀྱི་མི་དམངས་དབར་ལོ་མང་རིང་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་མོ་བཅངས་པ་མཚོན་ཐུབ། ངས་གཞས་དེ་ཐེངས་མང་ཉན་ནས་གཏོང་ཤེས་པ་བྱས་ཏེ་མལ་གྲོ་གུང་དཀར་རྫོང་དུ་ཡུལ་སྐོར་ལ་སྐྱོད་སྐབས་གཞས་འདི་གཏོང་གི་ཡིན”ཞེས་དགའ་སྤྲོའི་ངང་བཤད།
ནན་ཅིང་དང་མལ་གྲོའི་ཁ་གཏད་རོགས་སྐྱོར་མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ། དམངས་འཚོ་ལེགས་སུ་གཏོང་རྒྱུར་དམིགས་པ་དང་། ཐོན་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། “བློ་སྐྱོར་རིག་སྐྱོར”མཐའ་འཁྱོངས་བྱེད་པ། མི་རིགས་དབར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས“ནན་ཅིང་དང་མལ་གྲོ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྩེ་སེམས་སྔར་བས་བརྟན་དུ་གཏོང་ཆེད། “ནན་ཅིང་དང་མལ་གྲོ་ལག་གདང་སྦྲེལ། མཉམ་ལས་གཉིས་ཁེ་གཏོད་པའི”འཕེལ་རྒྱས་ཀྱི་སྙིང་གཏམ་ཤོད་རེས་ཚོགས་འདུ་སྐབས་གསུམ་པའི་ཐོག་ནན་ཅིང་གྲོང་ཁྱེར་གྱི་གཞུང་ཁོངས་ཁེ་ལས་8ཀྱིས་མལ་གྲོ་གུང་དཀར་རྫོང་གི་ཤང་དང་གྲོང་རྡལ་8དང་ཆ་སྒྲིག་བྱས་ཏེ་ཁེ་ལས་དང་གྲོང་གསེབ་མཉམ་སྐྲུན་བྱས་ཡོད། ས་གནས་ས་ཐོག་ཏུ་མཉམ་ལས་བྱེད་མཁན་ཕྱོགས་གཉིས་པོས་ཁེ་ལས་དང་གྲོང་གསེབ་མཉམ་སྐྲུན་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་འབྲེལ་ཡོད་ཕྱོགས་ཀྱིས་ད་དུང་གླིང་ཁུལ་གཉེར་སྐྱོང་དང་། ཚན་རྩལ་རོགས་སྐྱོར། རིག་གནས་མཉམ་སྐྲུན། འཐབ་ཇུས་མཉམ་ལས་བཅས་ཀྱི་རོགས་ཟླའི་འབྲེལ་བའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཕྱོགས་མང་པོའི་ཐད་ནས་མཉམ་ལས་གཉིས་ཁེ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
སྙིང་གཏམ་ཤོད་རེས་ཚོགས་འདུའི་ཐོག“ནན་ཅིང་དང་ཅང་སུའུ་ཡི་ཚོང་པ་མལ་གྲོར་སྐྱོད་པའི”བྱེད་སྒོ་སྤེལ་ཏེ་ཁེ་ལས་དེ་བས་མང་བ་མལ་གྲོའི་འཛུགས་སྐྲུན་ནང་ཞུགས་རྒྱུར་གཞོལ་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ས་གནས་གཉིས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ་རེད།
འདི་ནི་“གནམ་མཐའི་ཕ་ས། བོད་ལུགས་འཚོ་བའི་འགྲེམས་ཁང”གི་ཀའོ་ཁྲུན་ཁང་སྒོ་ཕྱེ་བའི་ཉིན་མོར་ལས་དོན་མི་སྣས་ཐོན་རྫས་འགྲེམས་སྟོན་བྱེད་བཞིན་པ།
འདི་ནི། ནན་ཅིང་གི་གྲོང་མིས་མ་སྐྱེས་ཨ་མའི་འགྲེམས་ཁང་དུ་རིག་གནས་བསམ་བཀོད་ཀྱི་ལག་ཐོགས་ཁ་པར་གྱི་ཕྱི་སྐོགས་ཉོ་བཞིན་པ།
འདི་ནི་ འགོ་ཚུགས་མཛད་སྒོའི་ཉིན་མོར་དག་པའི་རྫ་དཀར་འགྲེམས་ཁང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཕུར་བསྟན་བཀྲ་ཤིས(གཡོན)དང་བསྟན་འཛིན་འཇིགས་མེད(གཡས)ཀྱིས་མེ་ཏོག་ཁོག་མ་བཟོ་བཞིན་པ།
འདི་ནི་ “ནན་ཅིང་དང་མལ་གྲོའི་དབར་གྱི་བརྩེ་སེམས། ཐུན་མོང་ཐོག་ཕུགས་འདུན་གཏོད”མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་ནན་ཅིང་ལ་ལྟ་བའི་བྱེད་སྒོ་སྐབས་གསུམ་པ་གཉེར་ཡུལ་ཡིན་པ།
འདི་ནི་སྐལ་བཟང་མེ་ཏོག་བཞད་པའི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་སྒར་ས་སྐབས་གསུམ་པ་འགོ་ཚུགས་པ།