དབུ་ཤོག
  • ཚགས་ཤ་ཉོ་བར་ཕེབས་དང་། འདིར་གོང་ཁེ་པོ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-12-16

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། 2021ལོའི་ལྷ་སའི་ཚགས་ཤའི་དམངས་ཕན་ཕྱིར་ཚོང་བྱེད་སྒོ་ཟླ་12ཚེས་18ནས་22ཉིན་བར་ལྷ་ས་གྲོང་ཁྱེར་འགྲེམས་སྟོན་ལྟེ་གནས་ཐང་ཆེན(ནུབ་ངོས)དུ་སྤེལ་རྒྱུ་རེད་འདུག་པས། གྲོང་མི་ཚོས་ཉིན་ལྟར་གྱི་ཆུ་ཚོད་11ནས་18བར་ས་ཆ་དེ་གར་ཉོ་བར་སྐྱོད་ཆོག་གི་འདུག

    ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པར། ད་ལོ་རྫོང(ཆུས)ལྔ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཚགས་ཤ་འཚོང་ཡུལ་7བཀོད་སྒྲིག་བྱས་ཡོད་པ་དང་། སྔོན་དཔག་བྱས་ན་ཚགས་ཤ་རྒྱ་མ་ཁྲི་31ཚོང་རྩིས་ཡོད་པའི་ནང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཚགས་ཤ་འཚོང་ཡུལ་དུ་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གིས་མ་གཏོགས་ཉོ་ཆོག་གི་མེད། ཐེངས་འདིའི་བྱེད་སྒོར་སྟོད་ཁོག་རྒྱ་མ་རེར་སྒོར་33དང་། སྨད་ཁོག་རྒྱ་མ་རེར་སྒོར་35.5ཡིན་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྟོད་ཁོག་རྒྱ་མ་རེར་སྒོར་31དང་སྨད་ཁོག་རྒྱ་མ་རེར་སྒོར་33.5ཡིན་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། གྲོང་མི་ཚོས་ཚགས་ཤ་ཚོང་སར་ད་དུང་འདམ་གཞུང་གི་ལུག་ཤ(ཁོག་གཅིག་འཚོང་རྒྱུ)ཉོ་ཆོག་པ་དང་། ལུག་ཤ་རྒྱ་མ་རེར་སྒོར་34ཡིན་ཞིང་། སྔོན་དཔག་བྱས་ན་རྒྱ་མ་ཁྲི་གཅིག་ཙམ་ཚོང་རྩིས་ཡོད་པ་རེད། གཞན་ཡང་ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ད་དུང་ཞིང་འབྲོག་ཐོན་རྫས་ལས་སྣོན་ཁེ་ལས་དང་མཉམ་ལས་ཁང་10སྒྲིག་འཛུགས་བྱས་ནས་ཤ་སྐམ་པོ་དང་། དམར་འདུར། བོད་ཕག་སོགས་ཞིང་འབྲོག་ཐོན་རྫས་འཚོང་རྒྱུ་ཡིན་པ་རེད། 

    བྱེད་སྒོ་སྤེལ་རིང་། གྲོང་མི་ཚོས་དམངས་ཕན་ཚགས་ཤ་དང་ལུག་ཤ་ཉོ་བར་འགྲོ་སྐབས་ངེས་པར་དུ་ཐོབ་ཐང་ལག་ཁྱེར་འཁྱེར་དགོས་པ་དང་མིང་རྟགས་བཀོད་རྗེས་གཞི་ནས་ཉོ་ཆོག་གི་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་མ་མཐའི་འཚོ་བ་འགན་ལེན་གྱི་ལག་ཁྱེར་སོགས་འབྲེལ་ཡོད་ལག་ཁྱེར་འཁྱེར་དགོས་ཤིང་། ལག་ཁྱེར་དང་ཐོབ་ཐང་ལག་ཁྱེར་ངེས་པར་དུ་གཅིག་མཚུངས་ཡིན་དགོས། ད་ཐེངས་ཀྱི་བྱེད་སྒོར་ཉོ་སྒྲུབ་ཚོད་འཛིན་གྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་པས། མི་རེས་ཚགས་ཤ་སྟོད་ཁོག་གཅིག་དང་སྨད་ཁོག་གཅིག་ཉོ་ཆོག་པ་དང་སྟོད་ཁོག་ཁེར་རྐྱང་དུའང་ཉོ་ཆོག་གི་ཡོད། གལ་ཏེ་སྨད་ཁོག་ཉོས་ན་ངེས་པར་དུ་སྟོད་ཁོག་མཉམ་དུ་ཉོ་དགོས་པ་དང་ལུག་ཤ་མི་རེས་ཁོག་གཅིག་ལས་ཉོ་ཆོག་གི་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།