2014ལོའི་ཟླ་8པར། ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལོ་60འཁོར་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་སྟེ། ལོ་60ཡི་རིང་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་རིང་གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པ། དཔའ་ངར་ཆེར་བསྐྱེད། རྨང་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག མི་རིགས་མཐུན་སྒྲིལ་བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་གྲུབ་པ་དང་དར་སྤེལ་བཏང་ཡོད།
དཀའ་ངལ་ཆེན་པོ་ཁྱད་བསད་ཀྱིས་ལམ་བཟོས་ནས་རླབས་ཆེའི་རྒྱང་སྐྱོད་ལམ་བུར་སྐྱོད།
ལྷ་སའི་ནུབ་འདབས་ཀྱི་སྐྱིད་ཆུའི་འགྲམ་དུ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་འགྱིང་ངེར་གནས་ཡོད། རྡོ་རིང་དེའི་རྒྱབ་ཏུ“རྒྱལ་ཁབ་དབུ་བརྙེས་མ་ཐག་པའི་སྐབས་སུ་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་མངོན་འགྱུར་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ལྷོ་ནུབ་མཐའ་མཚམས་འཛུགས་སྐྲུན། ཀྲུང་དབྱང་གི་བཀའ་ལྟར་བོད་ལ་བཅིངས་འགྲོལ་གཏོང་བ་བཅས་ཀྱི་ཆེད་དུ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་འགོ་ཚུགས”ཞེས་བརྐོས་ཡོད།
1950ལོའི་ཟླ་དང་པོར། བློ་མཐུན་མའོ་ཙེ་ཏུང་གིས་ལོ་འདི་གའི་ཟླ་5པའི་ཟླ་དཀྱིལ་ནས་བོད་དུ་དཔུང་སྐྱོད་བྱེད་འགོ་འཛུགས་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་བཏོན་གནང་བ་རེད། ཟླ་བ་3གྱི་རྗེས་སུ། ཁམས་བོད་གཞུང་ལམ(1955ལོར་ཁྲོན་བོད་གཞུང་ལམ་ཞེས་སུ་མིང་བསྒྱུར)ལས་གྲྭ་འགོ་བཙུགས། དེའི་རྗེས་བློ་མཐུན་མའོ་ཙེ་ཏུང་གིས་བོད་དུ་དཔུང་སྐྱོད་བྱེད་དགོས་པའི་བཀའ་བཏང་གནང་བ་མ་ཟད་བོད་སྐྱོད་དཔུང་སྡེར“དཔུང་སྐྱོད་བྱེད་བཞིན་དུ་ལམ་བཟོ་དགོས་པའི”འབོད་སྐུལ་ཡང་གནང་བ་རེད། རི་བོ་འཕྲད་ཚེ་ལམ་བཟོ་བ་དང་ཆུ་བོ་འཕྲད་ཚེ་ཟམ་པ་བརྒྱབ་ཅིང་། མི་ཁྲི་10ལྷག་ཙམ་གྱི་ལམ་བཟོའི་དཔུང་ཆེན་གྱིས་ས་མཐོར་གསོ་རླུང་དཀོན་པ་དང་། རང་བྱུང་བཙན་འགག་མང་བ། དངོས་ཟོག་ཁ་ཐང་བ་སོགས་ཀྱི་འགལ་རྐྱེན་ཁྱད་བསད་བྱས་ཏེ་སྟབས་བདེའི་ལག་ཆར་བརྟེན་ནས“རི་བོ་མཐོན་པོ་མགོ་སྒུར་དུ་འཇུག་པ་དང་ཆུ་བོ་ཆེན་པོ་དཔའ་ཞུམ་དུ་འཇུག་པའི”དཔའ་བོའི་སྙིང་སྟོབས་ལ་བརྟེན་ནས་རྒྱང་སྐྱོད་ལམ་བུར་སྐྱོད་འགོ་ཚུགས་ཡོད།
འཕྲེད་བཅད་རི་བོ་དང་། འབྲི་ཆུ་ཆེན་པོ། ན་འདམ་འཁྱག་ས། གདོད་མའི་ནགས་ཚལ་བཅས་བརྒལ་ཞིང་། དུས་ཡུན་ལོ་4ཡི་རིང་ལམ་བཟོའི་དཔུང་ཆེན་གྱིས་ས་རྡོ་སྨི་རྒྱ་དཔངས་གྲུ་བཞི་མ་3000ལྷག་ཙམ་བསྔོགས་པ་དང་བརྒྱངས་པ་མ་ཟད། ཟམ་པ་400ལྷག་ཙམ་བརྒྱབ་སྟེ་རང་བྱུང་ཁམས་དང་འཐབ་རྩོད་ཀྱིས་ཚེ་སྲོག་བློས་བཏང་ནས་བྱུང་བའི་ལམ་བཟོའི་རྒྱང་སྐྱོད་དེར་རྦད་དེ་རྒྱལ་ཁ་ཐོབ་ཡོད།
1954ལོའི་ཟླ་12ཚེས་25ཉིན་ནི་བོད་ཀྱི་མི་དམངས་ཀྱི་ངོས་ནས་བརྗོད་ན་དགའ་འོས་པའི་ཉིན་མོ་ཞིག་རེད། ཉིན་དེར་གཞུང་ལམ་གཉིས་དུས་གཅིག་ཏུ་ལྷ་ས་བར་ཤར་གཏོང་ཐུབ་པ་དང་། ཉིན་དེར་དངོས་ཟོག་བྱུར་བུར་བླུགས་པའི་རླངས་འཁོར་ལམ་དེ་གཉིས་སུ་འགྲོ་འོང་བྱེད་འགོ་ཚུགས་པ། ཉིན་དེར་བོད་དུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་གདུང་འདེགས་འཕྲང་ལམ་དང་། འབྲེང་ཟམ། མི་ཕྱུགས་ལ་བརྟེན་ནས་དངོས་ཟོག་དབོར་བའི་སྐྱེལ་འདྲེན་བྱེད་སྟངས་མཇུག་འགྲིལ་ནས་དུས་ཡུན་རིང་པོ་བཀག་སྡོམ་གྱི་རྣམ་པར་འགྱུར་ལྡོག་བྱུང་ཡོད།
ཡུལ་དུས་ལས་བརྒལ་བའི་ཚེ་སྲོག་གི་བསྟོད་གླུ།
བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་དུ་བཙའ་མང་པོ་བརྒྱབ་ཅིང་ཡུ་བར་སེར་ཀ་གས་པའི་སྦྱག་མ་དང་འཇོར་འགྲེམས་སྟོན་བྱས་ཡོད། སྤྱིར་བཏང་གི་སྦྱག་མ་དེས་ལམ་གཉིས་འཛུགས་སྐྲུན་གྱི་ལས་འགན་རླབས་པོ་ཆེ་ཕྲག་ཏུ་འཁུར་མྱོང་ཡོད།
1950ལོའི་ཟླ་3པར། ཧོའེ་ཧའེ་གཡུལ་འགྱེད་ནང་ཞུགས་མྱོང་བའི་དམག་སྡེ་བཅོ་བརྒྱད་པས་བརྗིད་ཆེའི་དམ་བཅའ་བཞག་སྟེ་སྦྱག་མ་དང་། ལྕགས་ཧྲེང་། འཇོར་བཅས་ལ་བརྟེན་ནས་རྡོ་བཤགས་ཏེ་ལམ་བཟོས་པ་དང་ཆུ་བོ་སྒྲོལ་ཏེ་ཟམ་པ་བརྒྱབ་ཡོད། ཁོང་ཚོས་རི་བོ་ཆེན་པོ་14བཤགས་པ་དང་། གས་སྲུབས་ས་རྒྱུད་ཆེན་པོ་8བརྒལ་བ་མ་ཟད། ཉེན་ཁ་ཆེ་བའི་ཆུ་རྒྱུད་དང་། དྲག་ཏུ་བཞུར་བའི་ཆུ་བོ། དེ་བཞིན་བགྲངས་ཀྱིས་མི་ལངས་པའི་ན་འདམ་དང་འཁྱགས་རོམ་སྒྲོལ་ཏེ་དཀའ་བ་ཚད་མེད་སྤྱད་མཐར་ལོ་བཞི་ཡི་རྗེས་སུ་ཁྲོན་བོད་གཞུང་ལམ་ཤར་གཏོང་ཐུབ་ཡོད།
1954ལོའི་ཟླ་5པར་སྐབས་དེ་དུས་བོད་ལྗོངས་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཡིན་པའི་མུའུ་ཧྲེང་ཀྲུང་གིས་མི་1200ལྷག་ཙམ་གྱི་སྣེ་ཁྲིད་དེ་ཉིན་30ཡི་ནང་གདང་ལའི་ལམ་དུམ་སྤྱི་ལེ་30བཟོས་པ་དང་། ཉིན་10ཡི་ནང་བོད་བྱང་ཐང་གི་ལམ་དུམ་སྤྱི་ལེ་200རིང་དུ་བཏང་ཡོད། ལོ་དེའི་ཟླ་12ཚེས་22ཉིན་མཚོ་བོད་གཞུང་ལམ་ལྷ་ས་བར་ཤར་གཏོང་ཐུབ་ཡོད།
དཀའ་ཚེགས་ཆེན་པོས་རླབས་ཆེན་བྱ་གཞག་བཏོད། རང་སྲོག་སྐྱེས་སུ་ཕུལ་ནས་འོད་སྟོང་བཏོད། སྤྱི་ལེ་4360ཡི་འགྲིམ་འགྲུལ་ལམ་རྒྱུད་དུ་དར་རྒྱས་གོང་འཕེལ་གྱི་བསྟོད་གླུ་བླངས་ཡོད་ལ། སྔོན་གཤེགས་དཔའ་བོའི་ཡིད་སྐྱོ་བའི་བརྗིད་ཆེའི་གླུ་སྒྲ་ཡང་ཐོས་རྒྱུ་ཡོད།
ཁྲོ་ལའི་ལས་ཡུལ་དུ་ལོ་25ལ་སླེབས་ཙམ་གྱི་ཀྲང་ཧྥུའུ་ལིན་འབར་གས་བྱེད་སྐབས་སྟབས་མི་ལེགས་པར་རྡོ་ཆེན་པོ་ཞིག་ཐེབས་ནས་རང་སྲོག་ཤོར། རང་སྲོག་མ་ཤོར་གོང་མྱུར་སྐྱོབ་གཏན་ནས་བྱེད་དུ་མ་བཅུག་པར་ང་མི་ཡོང་བ་མི་འདུག མེས་རྒྱལ་གྱི་ཆེད་དུ་སྨན་དེ་གྲོན་ཆུང་གནང་རོགས་ཞེས་བཤད།
ཁུ་ཁུ་ཤིས་རིར་ས་བབ་མཐོ་བ་དང་། རླུང་གནོན་དམའ་བ། རླུང་འཚུབ་ཆེ་བས། བཟོ་སྐྲུན་དམག་ཐོན་ཤོག་གཉིས་པའི་འཐབ་འཛིང་པ་ཆའོ་ཀྲེང་ཝུའུ་གཉིད་ཉལ་སྐབས་གློ་བུར་དུ་ནད་གཞི་དྲག་པོ་ལངས་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་རང་སྲོག་ཤོར།
དཔའ་བོ་སུམ་སྟོང་གིས་རང་སྲོག་སྐྱེས་སུ་ཕུལ། རླབས་ཆེའི་མཛད་རྗེས་ནམ་ཡང་ལོ་རྒྱུས་སུ་འཁོད། “ལམ་གཉིས”ཀྱི་སྙིང་སྟོབས་དུས་རབས་དང་མཉམ་འདྲེས་བྱུང་བ་དང་ཉི་ཟླ་དང་འདྲ་བར་འོད་ཟེར་འཕྲོ།
རང་སྲོག་དོར་བའི་བློ་སྟོབས་རབ་ཏུ་སྐྱེད། གནམ་ས་གསར་པ་གཏོད་པའི་སྙིང་སྟོབས་འཕེལ། དཔའ་བོ་གྲངས་མེད་ཀྱིས་ཤ་ཁྲག་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་འགྲིམ་འགྲུལ་ལམ་བུ་བཟོས་པས། སྔར་སོང་བཀག་སྡོམ་གྱི་ས་མཐོ་དུས་དེ་ནས་བཟུང་མི་ཡུལ་བརྗེས་པ་ལྟར་གྱི་འགྱུར་ལྡོག་བྱུང་ཡོད།
མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་བསྟོད་གླུ།
བཅིངས་འགྲོལ་དམག་བོད་དུ་མ་བསྐྱོད་གོང་བློ་མཐུན་མའོ་ཙེ་ཏུང་གིས“བོད་དུ་དཔུང་སྐྱོད་བྱེད་སྐབས་མང་ཚོགས་ཀྱི་ས་ནས་ཁབ་སྐུད་ཙམ་ཡང་ལེན་མི་རུང”ཞེས་པའི་མཛུབ་སྟོན་གནང་ཡོད། བོད་དུ་འབྱོར་རྗེས་བཅིངས་འགྲོལ་དམག་གིས་འབྲུ་རིགས་མི་འདང་བའི་གནས་ཚུལ་འོག་ཁྲོམ་རའི་རིན་གོང་ལས་མཐོ་བའི་རིན་གོང་སྤྲད་དེ་དགོན་སྡེ་དང་སྐུ་དྲག་གི་ས་ནས་འབྲུ་རིགས་ཉོས་ཀྱང་། མི་སེར་གྱི་ས་ནས་འབྲུ་རིགས་ཉོ་མི་ཆོག་པའི་བཀའ་བཏང་སྟེ་ས་གནས་དེ་གའི་མང་ཚོགས་ཀྱི་བཟའ་འབྲུའི་དགོས་མཁོ་འགན་ལེན་བྱས་ཡོད།
ཕྱི་ཚུལ་ནས་བལྟས་ན་མི་ཆོས་དང་མི་མཐུན་པ་ལྟ་བུ་ཞིག་ཡོད་མོད། འོན་ཀྱང་དེ་ལས་གུང་ཁྲན་ཏང་མིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བ་མཚོན་ཡོད།
མང་ཚོགས་ལ་ལྷག་བསམ་རྣམ་དག་བྱས་པས་གཞུང་ལམ་སྐྲུན་པའི་བརྒྱུད་རིམ་ནང་སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མང་ཚོགས་ཧུར་ཐག་ཞུགས་ཡོད་པ་རེད། སི་ཁྲོན་དཀར་མཛེས་ཀྲོའུ་ཡི་འབྲི་གཡག་6000དེ་དག་རོགས་སྐྱོར་དངོས་རྫས་ཁག་དང་པོར་གྱུར་པ་དང་བོད་རིགས་སྤུན་ཟླ་17000གིས་ཁྲོན་བོད་གཞུང་ལམ་སྐྲུན་ཆེད་ལང་ཚོ་དང་ཁྲག་དྲོན་ལེགས་སྐྱེས་ཕུལ་ཡོད།
“ལམ་གང་དུ་བཟོས་རུང་ང་ཚོ་རོགས་སྐྱོར་བྱེད་པར་སྐྱོད་ཀྱི་ཡོད”བོད་རྒྱ་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་ཟབ་པའི་གཏམ་རྒྱུད་ཐོག་མཐའ་བར་གསུམ་དུ་གྲགས་བཞིན་ཡོད།
ལོ་23རིང་ཁྲོ་ལ་བརྟན་སྲུང་བྱེད་མཁན་ལམ་སྐྱོང་ས་ཚིགས་ཀྱི་བཟོ་པ་མོ་ཧྲང་ཝུའེ་དང་ལི་ཤིང་ཡུས་བཟའ་ཚོ་གཉིས་ཀྱིས་བོད་རིགས་སྦྲག་པ་འཆི་མེད་རྡོ་རྗེའི་སྐྱེལ་འདྲེན་མཁོ་སྤྲོད་ལ་བརྟེན་ནས་འཚོ་ཐབས་བྱེད་པ་དང་། མི་མེད་ལུང་སྟོང་གི“སྲོག་གནས་དཀའ་ཁུལ”དུ་ཁོང་ཚོའི་བརྩེ་བ་ཟབ་མོ་མངོན་ཡོད།
“གནམ་འོག་གི་ཏའོ་པན་དང་པོའི”ཁོངས་མི་ཞིག་ཡིན་པའི་བཀྲ་ཤིས་ཚེ་རིང་གིས་ཉིན་ལྟར་ས་བབ་མཐོ་ཚད་སྨི་5000ཡན་གྱི་གཞུང་ལམ་ཐོག་འཁྱགས་པ་སྟོར་ནས་ལམ་ཤངས་ཀྱི་ཡོད། གྲང་ངར་ཤིན་ཏུ་ཆེ་ཡང་ལམ་དུ་སྐྱོད་མཁན་ཁ་ལོ་བས་འདི་གར་དྲོད་སྐྱིད་ཚོར་ཞེས་བརྗོད་ཀྱི་ཡོད།
གྲངས་གཞི་ལས་མངོན་པར། བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་2000ལོའི་ལོ་མཇུག་གི་སྤྱི་ལེ་ཁྲི་2.25ནས་2020ལོའི་ལོ་མཇུག་གི་སྤྱི་ལེ་ཁྲི་11.88བར་རིང་དུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་རྫོང(ཆུས)ཚང་མ་དང་། ཤང་དང་གྲོང་རྡལ་476 སྒྲིག་ཚང་གྲོང་ཚོ་2050བཅས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ། ལྷ་ས་བབས་ཚུགས་ནུབ་མའི་ལྕགས་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དེ་2006ལོར་ཏུན་ཁྲི་2དབོར་བ་དང་ཏུན་ཁྲི་29འབྱོར་བ་ནས། 2020ལོར་སླེབས་སྐབས་ཏུན་ཁྲི་49དབོར་བ་དང་ཏུན་ཁྲི་614འབྱོར་བའི་བར་མང་དུ་སོང་བ། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་2000ལོའི་མི་ཐེངས་ཁྲི་53ནས་2020ལོའི་མི་ཐེངས་ཁྲི་515ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་བཅས་རེད།