མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྤྱི་ཚོགས་ཀྱི་རྣམ་པ་ཧུར་ཐག་གཏོད་ཆེད། ཉིན་ཤས་གོང་ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་དྲིལ་བསྒྲགས་ཡན་ལག་རུ་ཆུང་ལྷ་ས་གྲོང་ཁྱེར་མཁའ་འགྲུལ་ཁུལ་གསར་དུ་བསྐྱོད་དེ་ཁྱིམ་ཚང་དང་། སྡེ་ཁུལ(གྲོང་ཚོ) ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་པའི་འདུ་འཛོམས་བྱ་ཡུལ་བཅས་སུ་སྐྱོད་པའི་བྱེད་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་དང་འཚོ་བའི་མཁོ་ཆས་སྣ་ཚོགས་སྤྲད་པ་དང་། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས། མི་རིགས་ཆོས་ལུགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག》བཅས་དང་རང་ལྗོངས་ཀྱི་འབྲེལ་ཡོད་མི་རིགས་མཐུན་སྒྲིལ་སྐོར་གྱི་ཕུལ་བྱུང་མི་སྣའི་གཏམ་རྒྱུད་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཚོའི་རྒྱལ་གཅེས་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས། མི་རིགས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པ། ཐོག་མཐའ་བར་གསུམ་དུ“མོས་སེམས་ལྔ”ཐུབ་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་ཐུན་མོང་ཐོག་བརྩམས་ཤིང་། མི་དམངས་ཉེན་རྟོག་པ་ཅང་ཧུང་གིས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཙོ་གནད་ཐོག་སྒྲོག་འགྲེལ་དང་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཐོབ་པའི་གྲུབ་འབྲས་གལ་ཆེན་ངོ་སྤྲོད་བྱས་པ་རེད།