དབུ་ཤོག>གསར་འགྱུར།
  • བརྩེ་སེམས་ཟབ་མོས་ལག་གདང་གཅིག་ཏུ་སྦྲེལ། མཐུན་སྒྲིལ་འབད་འཐབ་བྱས་ནས་འབྱུང་འགྱུར་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-24

    ཉེ་ཆར། འཕྱོངས་རྒྱས་རྫོང་སློབ་འབྲིང་ལོ་རིམ་བདུན་པ་དང་བརྒྱད་པའི་སློབ་མ་ཡོངས་དང་འཕྱོངས་རྒྱས་རྫོང་ཆ་ཚང་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་ཚང་མར་བར་ཐག་སྤྱི་ལེ་སུམ་སྟོང་ཙམ་ཆོད་པའི་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་སློབ་མས་སྤྲིངས་པའི་འཕྲིན་ཡིག་རེ་འབྱོར་བ་དང་། འཕྲིན་ཡིག་དང་མཉམ་དུ་ད་དུང་ཤང་དབྱང་གྲོང་ཁྱེར་གྱི་སློབ་གྲོགས་ཚོའི་བརྩེ་སེམས་མཚོན་པའི་ལག་རྟགས་ཆུང་ཆུང་རེ་ཡང་ཡོད་པ་རེད། དེ་ནི་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བའི་བྱ་ཐབས་གཞན་ཞིག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར་རང་ལྗོངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཚན་པ་ཁྱོན་1985(ཐེངས)དང་སྔོན་ཐོན་མི་སྒེར་2846(ཐེངས)ཡོད་པ་དང་། ལྷ་ས་དང་། གཞིས་རྩེ། ཆབ་མདོ། མངའ་རིས་བཅས་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)དུ་གྱུར་ཡོད། བོད་རིགས་དང་རྒྱ་རིགས་དང་དེ་བཞིན་མི་རིགས་ཁག་དབར་མཐུན་སྒྲིལ་རོགས་རེས་དང་བརྩེ་སེམས་ཟབ་པའི་གཏམ་རྒྱུད་རང་ལྗོངས་སུ་རྟག་ཏུ་མཐོང་རྒྱུ་ཡོད།

    རྒྱ་རིགས་ཕོ་གཞོན་ཀའོ་ཡུང་ཆན་དང་ཁོང་གི་བོད་རིགས་བཟའ་ཟླ་ཚེ་རིང་ཆོས་སྒྲོན་གྱིས་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་གི་རྩྭ་ངན་འཐུ་བཞིན་མཆིས། ཁོང་གཉིས་ཀྱིས་གཉེར་བའི་གྲོའི་མཉམ་ལས་ཁང་གིས་ཞིང་དུད་400ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཐང་དཀར་ཤང་གི“གྲགས་ཅན་མི་སྣར”གྱུར་ཡོད། “ཁོང་གཉིས་འཇོན་ཐང་ཆེ་བས་ང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཡོད”ཅེས་གྲོང་མི་ཚེ་བརྟན་རྡོ་རྗེས་བཤད། ཁོང་གིས“ང་རང་ཡང་མཉམ་ལས་ཁང་དུ་ལས་ཀ་བྱས་ནས་ཕྱིར་གླ་པར་འགྲོ་མི་དགོས་པར་ཟླ་གཅིག་ལ་གླ་ཆ་སྒོར་སུམ་སྟོང་འདུག”ཅེས་བཤད།

    “ཆུང་དུས་ནས་བོད་ལ་ལྟ་བར་ཡོང་འདོད་ཡོད” ཅེས་སི་ཁྲོན་ནས་ཡིན་པའི་ཀྲོའུ་ཅིང་མིང་གིས་བཤད། 2007ལོར་ཁོང་གཅིག་པུ་བོད་དུ་གླ་པར་ཡོང་བ་དང“བོད་དུ་སླེབས་རྗེས་དེ་གར་སྡོད་འདོད་ཀྱི་བསམ་བློ་འཁོར” 2011ལོར་ཀྲོའུ་ཅིང་མིང་དང་སྤོ་བོ་རྫོང་ཡིད་འོང་ཤང་དགོན་གྲོང་ཚོའི་བུ་མོ་ཉི་མ་ལྷ་མོ་གཉེན་སྒྲིག་བྱས། ཁོང་གཉིས་ཀྱིས་ཁང་པ་གསར་པ་བརྒྱབ་པ་མ་ཟད། ད་དུང་ཞིང་པའི་སྤྲོ་སྐྱིད་ཁང་དང་། སྐྲ་བཞར་ཁང་། ཁྱིམ་ཚང་མགྲོན་ཁང་བཅས་གཉེར་ཡོད། གཞན་ཡང་ཁོང་ཚོར་ད་དུང་རང་ཉིད་ཀྱི་རྨང་གཞིའི་འཛུགས་སྐྲུན་རུ་ཁག་ཡོད་པས་རྒྱུན་དུ་གྲོང་ཚོའི་ནང་གི་ལས་གྲྭ་ཁག་གཅིག་འགན་གཙང་ལེན་གྱི་ཡོད། བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་པའི་ཀྲོའུ་ཅིང་མིང་གིས་ད་ཆའི་འཚོ་བར་བློ་ཡིད་ཧ་ཅང་ཚིམ་པོ་བྱེད་ཀྱི་ཡོད།

    ཀའོ་ཡུང་ཆན་དང་ཚེ་རིང་ཆོས་སྒྲོན་དང་། ཀྲོའུ་ཅིང་མིང་དང་ཉི་མ་ལྷ་མོ་དང་འདྲ་བའི་བཟའ་ཚོས་འཚོ་བའི་ཐད་ཕན་ཚུན་ལྟ་རྟོག་དང་། རིག་གནས་ཐད་ཕན་ཚུན་བསྟུན་མཁས། རང་ངོས་ཀྱི་ཁྱད་ཆོས་ལ་བརྟེན་པ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ནས་རང་ཉིད་འབྱོར་ཕྱུག་གི་ལམ་བུའི་ཐོག་བསྐྱོད་པ་དང་ཆབས་ཅིག་ཉེ་འགྲམ་གྱི་མི་རྣམས་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བྱས་ནས་ཉེ་འགྲམ་གྱི་མི་རྣམས་ཡིད་སྨོན་བྱེད་སར་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱི་མི་རིགས་ཁག་དབར་དང་དེ་བཞིན་བོད་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་དབར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དེ་བས་བྱེད་ཟབ་ཏུ་ཕྱིན་ཡོད།

    《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་མངོན་པར་གཞིགས་ན། ཐེམ་ཁུངས་བོད་ནས་ཡིན་པའི་སློབ་མ་དང་ངལ་རྩོལ་པ་དེ་བས་མང་བ་ཞིག་ཞིང་ཆེན་དང་གྲོང་ཁྱེར་གཞན་དུ་ལས་ཞུགས་ལས་གཏོད་བྱེད་པར་བསྐྱོད་པ་དང་ལོ་ལྟར་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་10%ཡན་གྱིས་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་གདམ་ག་བྱས་ཡོད། དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ཚོང་འགུགས་མ་འདྲེན་གྱི་བྱ་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ཤིང་། 2016ལོ་ནས་བཟུང་ཁྲལ་བསྡུ་དང་། དངུལ་རྩ། ས་ཆ་སོགས་དང་འབྲེལ་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་52བཏོན་ནས་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་མི་སྣ་བོད་དུ་སློབ་སྦྱོང་དང་། མ་འཇོག བྱ་གཞག་གསར་གཏོད་བྱ་རྒྱུར་སྐུལ་ལྕག་བྱས་པ་དང་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་2535ཟིན་ནས་བོད་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    ཀྲུང་ཧྭའི་རིག་གནས་ལ་འཛིན་པའི་མོས་སེམས་ནི་ཀྲུང་ཧྭ་མི་རིགས་ཡར་ཐོན་དང་འཕེལ་རྒྱས་ཡོང་བའི་སྒུལ་ཤུགས་དང་འབྱུང་རྩ་ཞིག་ཡིན། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཀྲུང་ཧྭའི་རིག་གནས་ནི་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་འབྲེལ་ཐག་དང་བསམ་བློའི་རྟེན་ས་ཤིག་ཡིན་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་དུ་གཏན་འཁེལ་བྱས་ནས་མ་དངུལ་དང་། སྲིད་ཇུས། ལག་རྩལ། ཤེས་ལྡན་པ་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།

    བློ་ཁ་ཕྱོགས་ཤུགས་སྔར་བས་གཅིག་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་ཆེད། འདི་ལོ་ནས་བཟུང་རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀློག་དེབ་དང་བསླབ་གཞི་ཁག་གཅིག་སྒྲིག་འཛུགས་བྱས་ནས་རྩོམ་འབྲི་བྱས་པ་དང་། “ཐང་བོད་གནའ་ལམ”དང་“ཇ་རྟའི་གནའ་ལམ”གྱི་ཤུལ་བཞག་འདུན་ཞུའི་ལས་དོན་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། གཞི་རིམ་གྱི་རིག་གནས་སྒྲིག་བཀོད་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་གྲོང་ཚོ་རིམ་པའི་མང་ཚོགས་རང་བཞིན་གྱི་རིག་གནས་དཔེ་སྟོན་གྱི་འཐབ་ས་100སྟོབས་ཆེར་བཏང་ཡོད། དེ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་གསར་བཟོ་གཏིང་ཟབ་བྱས་ཏེ་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བསྐྲུན་ནས་བོད་ཀྱི་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་སྤྱོད་འགོ་ཚུགས་པ་དང་ཕུལ་བྱུང་གི་ལོ་རྒྱུས་རིག་གནས་མཐའ་མཚམས་སུ་ཁྱབ་གདལ་གཏོང་བའི་དངོས་མཚོན་གློག་བརྙན་གསར་རྩོམ་བརྒྱུད་སྤེལ་འདུ་འགོད་སོགས་ལག་ལེན་བསྟར་ཡོད། སྐྱིད་གྲོང་དུ་ཐང་གི་ཕོ་ཉ་རྒྱ་གར་དུ་སྐྱོད་པའི་ཟིན་ཐོ་སོགས་ལོ་རྒྱུས་ཀྱི་བཤམས་སྟོན་ཁང་10ཡན་གྲབས་འཛུགས་ཧུར་ཐག་བྱས་པ་དང་རྫ་ཡུལ་གྱི་དཔའ་བོའི་རི་བོ་སོཌ་རྒྱལ་གཅེས་རིང་ལུཌ་ཀྱི་སློབ་གསོའི་རྟེན་གཞི་10ཡན་རིམ་སྤོར་སྒྱུར་བཀོད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།

    “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་གཞིར་རྒྱུན་དུ་བཞད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།