དབུ་ཤོག
  • ཁ་གསབ་འདི་དག་མི་མང་པོས་རེ་ཞུ་བྱེད་ཆོག་གི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-11-23

    ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དང་། རིམ་པ་མང་བའི་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་གཞི་རྩའི་འཚོ་བ་འགན་ལེན། སྤྱི་ཚོགས་དྲང་གཞག་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་ཆེད། ཟླ་11ཚེས་1ཉིན་ནས་བཟུང་། ཀྲུང་གུང་ལྷ་ས་གྲོང་ཨུད་གཞུང་དོན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས་བཀྲམ་པའི《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གི་རོགས་སྐྱོབ་བྱ་ཐབས》(གཤམ་ལ《བྱ་ཐབས》ཞེས་བསྡུ་རྒྱུ)དངོས་སུ་ཡོངས་བསྒྲགས་ལག་བསྟར་བྱས་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན།《བྱ་ཐབས》ནང་འཁོད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་ཞེས་པ་ནི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་དེ་གའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལས་མཐོ་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལས་ལྡབ་1.5ཡིས་དམའ་བ་མ་ཟད། རྒྱུ་ནོར་མང་ཉུང་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གི་འབྲེལ་ཡོད་གཏན་འབེབས་དང་མཐུན་རིགས་ལ་བརྗོད་ཀྱི་ཡོད། 

    དྲི་བ།

    ད་འོ་ན། ལྷ་ས་གྲོང་ཁྱེར་གྱི་ཆ་རྐྱེན་དང་མཐུན་པའི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གིས་རོགས་སྐྱོབ་རེ་ཞུ་ཇི་ལྟར་བྱེད་དགོས་སམ། འབྲེལ་ཡོད་ཀྱི་དཔྱད་གཞི་གང་དག་མཁོ་འདོན་བྱེད་དགོས་སམ། 

    ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་ངོས་འཛིན་གཏན་འཁེལ་བྱེད་པར་ཁྱིམ་ཚང་ཚན་པར་བྱས་ཏེ་ཐེམ་ཐོ་གནས་སའི་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)ལ་རེ་འདུན་ཞུས་ནས《བོད་རང་སྐྱོང་ལྗོངས་རོགས་སྐྱོབ་རེ་ཞུ་མཁན་གྱི་ཁྱིམ་ཚང་གི་ཡོང་འབབ་དང་དེ་བཞིན་རྒྱུ་ནོར་འདྲི་རྩད་ཀྱི་དབང་བསྐུར་ཡི་གེ》དང《མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གི་རེ་ཞུའི་ཞིབ་མཆན་རེའུ་མིག》སོགས་རྒྱོང་བ་དང་ཆབས་ཅིག ཐེམ་ཐོ་དང་ནང་མིའི་ཐོབ་ཐང་ལག་ཁྱེར་མཁོ་འདོན་བྱེད་དགོས་པ་དང་། ཐེམ་ཐོ་གནས་སའི་ཤང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)དང་ཐེམ་ཐོ་གནས་སའི་ཚན་པས་མཉམ་དུ་ནང་མིའི་ཡོང་འབབ་ཀྱི་ངོ་སྤྲོད་ཡི་གེ་མཁོ་འདོན་བྱེད་དགོས་པ། བཟའ་ཚང་ཁ་བྲལ་ཚེ་ངེས་པར་དུ《བཟའ་ཚང་ཁ་བྲལ་བའི་ལག་ཁྱེར》རམ་ཡང་ན་བཟའ་ཚང་ཁ་བྲལ་གྱི་བཅད་ཁྲ་མཁོ་འདོན་བྱེད་དགོས་པ། དབང་པོ་སྐྱོན་ཅན་ཡིན་ཚེ་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྐྱོན་ལག་ཁྱེར》མཁོ་འདོན་བྱེད་དགོས་པ། ངལ་ནུས་ཤོར་ཚེ་ངེས་པར་དུ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་བརྟག་དཔྱད་ངོ་སྤྲོད་ཡི་གེ་མཁོ་འདོན་བྱེད་དགོས་པ་བཅས་རེད། རེ་འདུན་ཞུ་ཡིག་ཆ་ཚང་པོ་མེད་རིགས་ཁ་གསབ་བྱེད་དགོས་ཚེ། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)དང་ཚན་པས་ཁ་གསབ་བྱེད་དགོས་པའི་དཔྱད་གཞི་ཆ་ཚང་ཐེངས་གཅིག་རང་ལ་གསལ་བཤད་བྱེད་དགོས།

    གཞན་ཡང་། རང་མོས་ངང་རིན་ཡོད་ཀྱི་ས་ཁང་སྤྱོད་དབང་དང་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆ་ཕྱིར་འཐེན་བྱས་རྗེས། ཡུན་རིང་གྲོང་ཁྱེར་དང་གྲོང་རྡལ་དུ་འཚོ་བ་སྐྱེལ་མཁན་ཞིང་འབྲོག་པས་ཀྱང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གི་རོགས་སྐྱོབ་རེ་འདུན་ཞུ་ཆོག་ལ། ཁོང་ཚོས་ལོངས་སུ་སྤྱད་པའི་གྲོང་གསེབ་ཀྱི་མཉམ་སྡེབ་ཡོང་འབབ་དེ་ཁྱིམ་ཚང་གི་ཡོང་འབབ་ལ་བརྩི་དགོས། 

    《བྱ་ཐབས》ནང་གསར་གཏོད་བྱེད་ཐབས་ཁག་བདུན་འཁོད་པ་སྟེ།

    1གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་ལ་འཚོ་བའི་ཁ་གསབ་དོན་འཁྱོལ་བྱས་ནས་མི་རེར་ཟླ་རེར་སྒོར་100སྤྲོད་རྒྱུ་དང་འབྲེལ། ཟོག་གོང་མཉམ་འགུལ་གྱི་ཁ་གསབ་སྤྲོད་སྐབས། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་ཟོག་གོང་མཉམ་འགུལ་གྱི་ཁ་གསབ་ཚད་གཞིའི་80%ལ་གཞིགས་ནས་ཟོག་གོང་མཉམ་འགུལ་གྱི་ཁ་གསབ་སྤྲོད་པ་དང་།

    2གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གིས་གྲོང་ཁྱེར་དང་རྫོང(ཆུས)རིམ་པའི་དམིགས་བཙུགས་སྨན་ཁང་དུ་སྨན་བཅོས་བྱེད་སྐབས“སྔོན་ལ་སྨན་བཅོས་དང་མཇུག་ཏུ་སྨན་རིན་རྩིས་རྒྱག”གི་ལམ་ལུགས་ལག་བསྟར་བྱེད་པ་དང་འབྲེལ་ཚེ་སྲོག་གི“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱེད་པ། 

    3གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གི་འགན་ཞུགས་གྲོན་དངུལ་ལ་བཅད་གྲངས་རོགས་སྐྱོར་བྱེད་པ་དང་། སྨན་བཅོས་རོགས་སྐྱོབ་མ་དངུལ(མི་སྒེར་གྱིས་སྒོར་32འཇལ་བ་དང་སྨན་བཅོས་རོགས་སྐྱོབ་མ་དངུལ་ནས་སྒོར་288ཚབ་འཇལ་བྱེད་པ)ནས་ཚབ་འཇལ་བྱེད་ཀྱི་ཡོད། 

    4གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གི་སློབ་གྲྭར་འགྲོ་མུས་ཀྱི་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭ་ཆེ་མོ་བའི་སློབ་ཡོན་དང་། ཉལ་ཁང་གི་རིན་པ། དེབ་རིན་སོགས་ལོ་གཅིག་གི་འགྲོ་གྲོན་གྱི་80%རོགས་སྐྱོར་བྱེད་པ་མ་ཟད། ལོ་རེར་འཚོ་བའི་འགྲོ་གྲོན་སྒོར་2400ཁ་གསབ་བྱེད་པ་དང་། སློབ་ལོ་རེར་སློབ་གྲྭར་འགྲོ་མུས་ཀྱི་མཐོ་རིམ་དང་འབྲིང་རིམ་ཆེད་ཚན་སློབ་གྲྭའི་སློབ་མ་སློབ་གྲྭར་འགྲོ་སྐབས་དང་ཁྱིམ་དུ་ལོག་སྐབས་ཀྱི་ལམ་རིན་དེ་མེ་འཁོར་གྱི་རྐུབ་སྟེགས་དཀྱུས་མའམ་ཡང་ན་འགྲུལ་སྐྱེལ་རླངས་འཁོར་གྱི་སྤ་སེའི་རིན་པ་ཐེངས་གཅིག་རྩིས་ཞུ་བྱེད་པ།

    5ལས་འཚོལ་ཁ་གསབ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ། གསོ་སྦྱོང་ལས་ཞུགས་ཀྱི་བྱ་དགའ། ཞབས་ཞུའི་སྒྲིག་གཞིའི་ཁ་གསབ་སོགས་ཀྱི་མ་དངུལ་དོན་འཁྱོལ་བྱེད་པ། 

    6གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གི་བུད་མེད་ལ“སྐྲན་ནད་རིགས་གཉིས”ཕོག་ཚེ་ཐེངས་གཅིག་ལ་སྒོར་ཁྲི་1གི་རོགས་སྐྱོབ་བྱེད་པ།

    7གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་ནང་གི་འདོད་མོས་ཡོད་ལ། ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་ཡོད་ཚེ། དབང་པོ་སྐྱོན་ཅན་སྒྲིག་གཞིར་གསོ་བཅོལ་དང་བདེ་ཐང་ལུས་གསོའི་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག་པ་དང་། བསྡུར་ཚད་ལྟར་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་བཀོད་སྒྲིག་སྲིད་ཇུས་དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གསོ་སྦྱོང་དང་། ལས་ཞུགས་འོས་སྦྱོར། རང་བརྟེན་ལས་གཏོད་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།