བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དུས་རབས་གསར་པར་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་གཏོད་ཆེད། ཉེ་ཆར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས“མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད། མཉམ་དུ་དར་རྒྱས་གོང་འཕེལ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཏམ་བཤད་འགྲན་བསྡུར་བྱས་པ་རེད།
སྙན་རོང་རྫོང་གི་ཁོངས་གཏོགས་ཁག་དང་། ཁྱབ་ཁོངས་ཁག ཤང(གྲོང་རྡལ)ཁག་བཅས་ཀྱི་བདམས་ཐོན་པ་20ལྷག་ཙམ་ད་ཐེངས་ཀྱི་འགྲན་བསྡུར་ལ་ཞུགས་ཡོད་པ་རེད། བདམས་ཐོན་པ་ཚོས་སྤྲོ་སེམས་རབ་ཏུ་འཁོལ་ལ་གོ་བདེ་ཤེས་སླའི་ཡིག་ཐོག་ནས་རང་གི་ཉེ་འགྲམ་དུ་ཐོན་པའི་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་བྱས་རྗེས་གླེང་བ་དང་། ཕྱོགས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་སྒོ་ནས་མི་རིགས་མཐུན་སྒྲིལ་ལ་གོ་བ་ཇི་ལྟར་ལེན་པ་དང་ངོས་འཛིན་ཇི་ལྟར་བྱེད་པ་ལྷུག་པོར་གླེང་བ་དང་སྦྲགས། རང་ཉིད་ཀྱིས་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་མྱོང་ཚོར་ངོ་མ་དང་མཛེས་སྡུག་ལྡན་པའི་ཀློང་ཡངས་བསམ་ཚུལ་མཚོན་པར་བྱས་པ་རེད།
ཚང་མས་ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་གོ་སྐབས་སུ་བཟུང་ནས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། དེ་བས་རང་རྟོགས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་གཙོ་རྐང་དུ་འཛིན་པ། མི་རིགས་ཁག་གི་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་། གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་། ལས་དབང་མཉམ་གནས་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་སློབ་གསོ་ཁྲིད་སྟོན། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། མཉམ་དུ་དར་རྒྱས་གོང་འཕེལ། མཉམ་དུ་ཕྱུག་པོ་ཆགས་པ་བཅས་བྱེད་རིང་མི་རིགས་ཁག་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དྲིལ་བསྒྲགས་ཤུགས་ཆེན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འབྱོར་ཕྱུག་དང་། ཤེས་དཔལ། དམངས་གཙོ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྙན་རོང་གསར་པ་འཛུགས་སྐྲུན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།