དབུ་ཤོག>གསར་འགྱུར།
  • མཐའ་མཚམས་གསར་བརྗེའི་ཁྱམས་རིང་མཉམ་སྐྲུན་གྱིས། མཐའ་སྟོབས་ལྕགས་རི་རིང་པོ་མཉམ་དུ་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-21

    1309401_yis_1637424000000_s.jpg

    འདི་ནི་གམ་པ་རྫོང་གི་སྙན་ངག་གྱེར་འདོན་འགྲན་བསྡུར་སྤེལ་ཡུལ་ཡིན་པ།

    དུས་རབས་འཕོ་འགྱུར་སོང་ནའང་དམག་བཀུར་དམངས་གཅེས་ཀྱི་ལྷག་བསམ་དཀར་པོར་འགྱུར་བ་འགྲོ་མི་སྲིད། ལོ་ཟླའི་འཕེལ་གྲིབ་བྱུང་ནའང་ཆུ་དང་ཉ་མོ་ལྟ་བུའི་བརྩེ་དུང་ཟབ་མོར་བར་ཆད་གཏོང་མི་ཐུབ། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་སྡོད་མཉམ་དུ་འཛིན་པ་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ཏང་འཛུགས་སྐྱོང་གི“གསར་བརྗེའི་ཁྱམས་རིང”འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཆ་སྒྲིག་མཉམ་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད།

    གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་བསམ་པའི་མཐོ་ས་བརྟན་པོ་བསྲུངས་བ།

    ཟླ་11ཚེས་12ཉིན། དགུན་དུས་ཀྱི་ས་དགའ་རྫོང་རྒྱལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་ནང་དམག་དམངས་མཉམ་དུ་འཛོམས་ནས་དགའ་སྤྲོའི་རྣམ་པས་ཁེངས། དེ་ཉིན་བོད་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་རྒྱལ་གྲོང་ཚོར་དྲིལ་བསྒྲགས་བྱས་པ་རེད།

    དཔོན་དམག་དང་གྲོང་མིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མཉམ་དུ་སློབ་སྦྱོང་བྱས་ཤིང་། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་དང་དཔའ་མཛངས་བརྟུལ་ཕོད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་དེ་དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་མཐོའི་མཐའ་སྲུང་དཔེ་བཟང་ཡིང་ཤོག”གི་དཔོན་དམག་ལ་འཕྲིན་ལན་སྤྲིངས་རྗེས། གཞིས་རྩེ་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་མཐའ་མཚམས་དཔོན་དམག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་མཉམ་དུ་སློབ་སྦྱོང་བྱས་པ་དང་མྱོང་ཚོར་བཞུགས་མོལ་སྤེལ་རེས་བྱས་ཏེ་དམག་དཔུང་དང་ས་གནས་ཀྱི་ཏང་རྩ་འཛུགས་ལ་དགོངས་དོན་སློབ་སྦྱོང་དང་། འཕེལ་རྒྱས་དོན་གཉེར། བརྟན་ལྷིང་འགན་ལེན། མཐའ་མཚམས་ཀྱི་འགག་སྒོ་བརྟན་སྲུང་བཅས་ཀྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུར་སྐུལ་ཁྲིད་བྱས་པ་རེད། འདི་ལོ་ཚུན་དུ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་ཟུང་འབྲེལ་དང་། དམག་དཔུང་དང་ས་གནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་དུས་སྟོན་གལ་ཆེན་དང་ཟུང་འབྲེལ་བྱས་ཤིང་། དཔུང་སྡེའི་དམག་དོན་ལོ་རྒྱུས་ཁང་དང་། ས་གནས་ཀྱི་གསར་བརྗེའི་གནས་རྙིང་། དམག་དམངས་མཐུན་སྒྲིལ་གྱི་སྔོན་ཐོན་བྱས་རྗེས་སོགས་གང་ལེགས་སྤྱད་དེ། རྒྱུན་རྣམ་ཅན་གྱི་སྒོ་ནས་དཔུང་སྡེའི་དཔོན་དམག་དང་། ཏང་ཡོན་ལས་བྱེད་པ། ཞིང་འབྲོག་མང་ཚོགས། གཞོན་ནུ་ལོ་ཆུང་བཅས་སྒྲིག་འཛུགས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་སོགས་སྤེལ་བ་རེད།

    མཐའ་བརྟན་དམིགས་ཚད་ལ་དམིགས་ཏེ་གཞི་རིམ་གྱི་མཁར་རྫོང་བརྟན་དུ་གཏོང་བ།

    གཉའ་ནང་རྫོང་བཀྲ་ཤིས་སྒང་གྲོང་ཚོར་དམག་དཔུང་དང་ས་གནས་མཉམ་འབྲེལ་གྱི་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཤིང་། སྨི་ངོས་གྲུ་ཁ་ཤས་ལས་མེད་པའི་བྱེད་སྒོའི་སྟབས་བདེའི་ཁང་པ་དེ་མཐའ་སྲུང་མཐའ་བརྟན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་གྱུར་ཡོད།

    “ཆ་རྐྱེན་ཇི་ཙམ་ཞན་པ་དང་ལས་འགན་ཇི་ཙམ་ལྕི་བ་ཡོད་ཚེ་ང་ཚོས་དེ་ཙམ་གྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་དགོས། གང་ལགས་ཤེ་ན། ང་ཚོའི་ཕྲག་ཏུ་འཁུར་བ་ནི་དུད་ཚང་ཁྲི་སྟོང་མང་པོ་བདེ་སྡོད་ཡོང་བའི་འགན་འཁྲི་རེད”ཅེས་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་ནོར་བུས་ཚིག་ཐག་ཆོད་པོས་བཤད།

    འདི་ལྟ་བུའི་དམག་དཔུང་དང་ས་གནས་ཀྱི་གནས་སྐབས་སྦྲ་གུར་ཏང་ཀྲི་པུའུ་དང་ཏང་གི་ཚོགས་ཆུང་འདི་ལོ་ཚུན་གཞིས་རྩེ་གྲོང་ཁྱེར་དུ་71བཙུགས་ནས་ཏང་རྩ་འཛུགས་དང་ལས་དོན་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།

    རྩ་འཛུགས་མཉམ་སྐྲུན་དང་། ཚན་པས་མཉམ་འཛིན། དཔུང་ཁག་མཉམ་སྐྱོང་བཅས་ལ་ཐབས་ཤེས་དངོས་འདོན་པ་དང་། ཤུགས་ངོ་མ་རྒྱག་པ། ཕན་འབྲས་དངོས་ཐོན་པ་བཅས་མཐའ་འཁྱོངས་བྱས་ཤིང་། དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆ་སྒྲིག་མཉམ་སྐྲུན་ས་ཚིགས་བཙུགས་ཏེ་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་ཚོ(སྡེ་ཁུལ)ཁྱོན་ཡོངས་ལ་ཁྱབ་པ་དང“ཕྱོགས་གཉིས་ལ་བསྐྱོད་པ་དང་བརྗེ་རེས་ཀྱིས་ལས་འགན་གཅིག་ལྕོགས་འཁུར་བའི”ལམ་སྲོལ་དོན་འཁྱོལ་བྱས་ཡོད། བཅའ་སྡོད་དམག་དཔུང་གིས་དཔོན་དམག་མངགས་ནས་གྲོང་ཚོའི(སྡེ་ཁུལ)“ཆབ་སྲིད་རོགས་ཁྲིད་པའི”འགན་གཅིག་ལྕོགས་འཁུར་དུ་བཅུག་སྟེ། དཔུང་སྡེའི་ཆབ་སྲིད་ལས་དོན་གྱི་ལེགས་ཆ་ཧུར་ཐག་བཏོན་ནས་མཐའ་མཚམས་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ལ་ལམ་ལུགས་འཛུགས་པ་དང་། བསམ་ཕྱོགས་གསེད་བཀྲོལ། འཆར་འགོད་ལ་ཤུགས་སྣོན། བྱང་ཚད་མཐོར་གཏོང་བཅས་བྱེད་རོགས་བྱས་ནས“ཏང་གི་སློབ་ཚན་མཉམ་དུ་ཚོགས་པ”དང“ཆབ་སྲིད་ཀྱི་སྐྱེས་སྐར་མཉམ་དུ་གཏོང་བ”ཐེངས་1100ལྷག་ཙམ་བྱས་པ་དང་། མཉམ་དུ་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་19བཏོད་དེ། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་རྗེས་གྲབས་ལས་བྱེད་པ་42དང་ཕྱུག་འགྱུར་སྣེ་ཁྲིད་པ་77གསོ་སྐྱོང་བྱས་ནས་མཐའ་མཚམས་ས་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།

    ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་མོ་མངོན་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པ།

    འདི་ལོའི་མཐོ་རྒྱུགས་ལ་གྲོ་མོ་རྫོང་ཕག་རི་གྲོང་རྡལ་གྱི་ཨ་མ་རྒན་མོ་ཆོས་འཛོམས་ཀྱི་ཚ་མོ་བདེ་ཆེན་གསལ་སྒྲོན་ནན་ཅིང་ནགས་ལས་སློབ་ཆེན་དུ་རྒྱུགས་འཕྲོད།

    རྒན་མོ་ཆོས་འཛོམས་དགའ་བས་བརྟས་པ་དང་མཉམ་དུ་སེམས་ཁྲལ་ཆེན་པོ་བྱུང་ཞིང་། ཁྱིམ་ཚང་ལ་ཆག་སྒོ་བྱུང་བའི་རྐྱེན་གྱིས་ཨ་མ་རྒན་མོ་གཅིག་པུས་ཚ་མོ་གཉིས་གསོ་གི་ཡོད་པ་དང་། མ་གཞི་འཚོ་བ་ཁ་འཕྱིད་ཙམ་ཡོད་ཀྱང་ཡོང་འབབ་སྔར་བཞིན་མཐོ་པོ་མེད། ཚ་མོའི་སློབ་ཡོན་དང་། འཚོ་བའི་འགྲོ་གྲོན། ལམ་རིན་སོགས་ཀྱིས་ཁྱིམ་ཚང་ལ་དཀའ་ངལ་ཕྲད།

    གནས་ཚུལ་དེ་ཤེས་རྗེས་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཚོས་གཅེས་སེམས་ཞལ་འདེབས་ཧུར་ཐག་ཕུལ་ནས་ཞལ་འདེབས་དངུལ་སྒོར་ཁྲི་4.3ལྷག་ཙམ་གྲབས་གསོག་བྱས་པ་དང་དུས་མཚུངས། ཟླ་རེའི་ཏང་ཡོན་གྱི་སློབ་སྐྱོར་ལམ་སྲོལ་བཙུགས་པ་རེད། “གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་གིས་ང་ཚོའི་འཚོ་བར་རེ་བ་བྱིན་བྱུང་། ཐུགས་རྗེ་ཆེ་ཞུ”ཞེས་ཟླ་8ཚེས་29ཉིན་ཞལ་འདེབས་དངུལ་རག་པའི་བདེ་ཆེན་གསལ་སྒྲོན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

    2021ལོར་གྲོང་ཚོའི(སྡེ་ཁུལ)སྐབས་བརྗེ་སྐབས་དམག་ཞབས་ཐིམ་པའི་ཕུལ་བྱུང་དམག་མི་115གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཏུ་ལས་འགན་འཁུར་དུ་བཅུག སྐབས་བརྗེས་རྗེས་བཅའ་སྡོད་དཔུང་སྡེའི“ཆབ་སྲིད་རོགས་ཁྲིད་པས”གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་དང་། ཧྲུའུ་ཅི་དང་པོ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མང་ཚོགས་ཀྱི་འཐུས་མི་བཅས་དང་བཞུགས་མོལ་ཚོགས་འདུ་ཐེངས་34འཚོགས་ནས། བསམ་འཆར་ཉན་པ་དང་དུས་བབ་ལ་དབྱེ་ཞིབ་ཀྱིས་གྲོང་ཚོ་དེ་གའི་དོན་དངོས་དང་མཐུན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་42ཞིབ་འཇུག་བྱས་ནས་བཟོས་པ་རེད། གྲོང་ཚོའི་འཕྲོད་བསྟེན་ཁང་ལ་བརྟེན་ནས་དམག་དཔུང་དང་ས་གནས་ཀྱི་འཕྲོད་བསྟེན་བདེ་སྲུང་ཁང་174བཙུགས་ཏེ་དུས་བཀག་ལྟར་དམག་ཁོངས་སྨན་པ་སྒྲིག་འཛུགས་ཀྱིས་གྲོང་ཚོའི་སྨན་པར་སྒོ་རྩར་སློབ་ཁྲིད་བྱེད་པ་དང་། མང་ཚོགས་ལ་སྨན་བཅོས་དང་སྨན་སྤྲོད་པ། སྨན་རིན་མི་དགོས་པར་མང་ཚོགས་མི་ཐེངས་3200ལྷག་ཙམ་ལ་སྨན་བཅོས་བྱས་ནས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་བཏང་ཡོད། དཔུང་སྡེའི་དཔོན་དམག་དང་། ཏང་ཡོན་ལས་བྱེད་པ། སློབ་མ་དབུལ་པོ་བཅས་སྒྲིག་འཛུགས་ཀྱིས“གཅིག་གཏད་གཅིག”གི་ཆ་སྒྲིག་དང་སློབ་སྐྱོར་ཞལ་འདེབས་བརྒྱབ་སྟེ་དཀའ་ངལ་ཡོད་པའི་སློབ་མ་སློབ་གྲྭ་མ་ཐོན་བར་རོགས་རམ་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་དང་རིམ་པ་སྤོར་བའི་བྱ་སྤྱོད་ཤུགས་ཆེན་སྤེལ་བས། མཐའ་མཚམས་ས་ཁུལ་དུ་ཆེད་ལས་མཉམ་ལས་རྩ་འཛུགས་2059ཟིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་44265ལ་ཡོང་འབབ་སྒོར་དུང་ཕྱུར་3.7ཡོང་བར་སྐུལ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།