《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》སྐོར་གྱི་གསལ་བཤད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངཌབཅོལ་ལྟར། ངས《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ཀྱི་མ་ཟིན་དང་འབྲེལ་བའི་གནས་ཚུལ་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་བྱ་རྒྱུ་ཡིན།
གཅིག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་དོན་སྐོར་གྱི་བསམ་གཞིག
རང་རེའི་ཏང་གིས་སྔར་ནས་བཟུང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྔོན་ཆད་ཡན་ཨན་གྱི་དུས་སྐབས་སུ། བློ་མཐུན་མའོ་ཙེ་ཏུང་གིས“གལ་སྲིད་ཏང་གི་ལོ་རྒྱུས་གསལ་པོ་མ་ཤེས་པ་དང་། ལོ་རྒྱུས་ཐོག་ཏང་བསྐྱོད་མྱོང་བའི་འགྲོ་ལམ་གསལ་པོ་མ་ཤེས་ན། བྱ་བ་རྣམས་སྔར་ལས་ལེགས་པར་བསྒྲུབ་མི་ཐུབ”ཅེས་གསུངས་མྱོང་། རི་འགོག་དམག་འཁྲུག་གི་མཇུག་མཐའི་རྒྱལ་ཁ་བརྩོན་ལེན་བྱེད་པའི་གནད་འགག་གལ་ཆེན་སྐབས་སུ། 1945ལོར། ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག《ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་ནས་ཏང་དབུ་བརྙེས་རྗེས་དང་ལྷག་པར་དུ་ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་ཙུན་དབྱིའི་གྲོས་ཚོགས་མ་འཚོག་གོང་བར་གྱི་དུས་སྐབས་དེའི་རིང་། ཏང་གི་ལོ་རྒྱུས་དང་དེའི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་བྱས་པ་དང་། ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་འགའ་ཞིག་ལ་བསྡོམས་ཚིག་བཀོད་དེ། ཏང་ཡོངས་དང་ལྷག་པར་དུ་ཏང་གི་མཐོ་རིམ་ལས་བྱེད་པས་ཀྲུང་གོའི་གསར་བརྗེའི་གཞི་རྩའི་གནད་དོན་ལ་འཛིན་པའི་ངོས་འཛིན་གཅིག་གྱུར་བྱུང་བ་དང་། ཏང་ཡོངས་ཀྱི་མཐུན་སྒྲིལ་ཇེ་ཟབ་ཏུ་གྱུར་ཏེ། ཏང་གི་ཚོགས་ཆེན་ཐེངས་བདུན་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་ཆ་རྐྱེན་གང་ལེགས་བསྐྲུན་པ་དང་། ཀྲུང་གོའི་གསར་བརྗེའི་བྱ་གཞག་གོང་དུ་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད།
སྒྱུར་བཅོས་སྒོ་དབྱེའི་དུས་སྐབས་གསར་པར་སླེབས་རྗེས། བློ་མཐུན་ཏེང་ཞའོ་ཕིང་གིས“ལོ་རྒྱུས་ཐོག་ལེགས་གྲུབ་བྱུང་བའི་ཉམས་མྱོང་ནི་རྒྱུ་ནོར་རྩ་ཆེན་ཡིན་ལ། ནོར་འཁྲུལ་གྱི་ཉམས་མྱོང་དང་ཕམ་ཁའི་ཉམས་མྱོང་ཡང་རྒྱུ་ནོར་རྩ་ཆེན་ཡིན། འདི་ལྟར་བྱས་ནས་བྱེད་ཕྱོགས་དང་སྲིད་ཇུས་གཏན་འབེབས་བྱས་ན། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་ཐུབ་སྟེ་མཐུན་སྒྲིལ་གསར་པ་ཡོང་ཐུབ། རྨང་གཞི་འདི་ནི་བློས་འགེལ་ཤོས་ཡིན”ཞེས་གསུངས་མྱོང་། 1981ལོར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག《རྒྱལ་ཁབ་དབུ་བརྙེས་ཚུན་གྱི་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་སྟེ། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་གི་ཏང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པ། དོན་རྐྱེན་གལ་ཆེན་དང་མི་སྣ་གལ་ཆེན་ཁ་ཤས་ལ་གདེང་འཇོག་བྱས་པ་དང་། ལྷག་པར་དུ་བློ་མཐུན་མའོ་ཙེ་ཏུང་དང་མའོ་ཙེ་ཏུང་གི་དགོངས་པར་གདེང་འཇོག་ཡང་དག་བྱས་ཏེ། ཡིན་མིན་གྱི་དབྱེ་བ་གསལ་པོར་ཕྱེ་བ་དང་། གཡོན”དང་གཡས་ཀྱི་ཕྱོགས་གཉིས་ཐད་ཀྱི་ནོར་འཁྲུལ་ལྟ་བ་ཡོ་བསྲང་བྱས་པ་དང་། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་བྱས་ཏེ། ཏང་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་ལ་ལྟ་བར་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྔར་ལས་ལེགས་པར་སྐུལ་འདེད་གཏོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད།
ད་ལྟ། ལོ་རྒྱུས་ཀྱི་གྲོས་ཆོད་དང་པོ་གཏན་འབེབས་བྱས་ནས་ལོ་76འདས་པ་དང་། ལོ་རྒྱུས་ཀྱི་གྲོས་ཆོད་གཉིས་པ་གཏན་འབེབས་བྱས་ནས་ལོ་ངོ་40འདས་ཟིན་པ་རེད། ལོ་ངོ་40རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཆེས་ཆེར་མདུན་ཕྱོགས་སུ་འཕེལ་རྒྱས་བྱུང་བ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཡང་ཆེས་ཆེར་འཕེལ་རྒྱས་བྱུང་ཡོད། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ལངས་ནས་འདས་ཟིན་པར་ཕྱིར་མིག་ལྟ་བ་དང་། མ་འོངས་པར་རྒྱང་ལྟ་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ལྷག་འདས་པའི་རིང་གི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པར། ཕྱི་རོལ་ཡུལ་གྱི་དགོས་མཁོ་ཡོད་ལ་རང་ངོས་ཀྱི་ཆ་རྐྱེན་ཡང་འཛོམས་ཡོད།
ཏང་ཀྲུང་དབྱང་གིས་ངོས་འཛིན་བྱས་དོན། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་། ཏང་དང་མི་དམངས་ཀྱིས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་བྱས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཚར་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་བཞིན་པའི་ལོ་རྒྱུས་ཀྱི་གནད་འགག་གི་དུས་སྐབས་གལ་ཆེན་འདིར། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ན། ཏང་ཡོངས་ཀྱིས་སྔར་བས་ཀྱང་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་གསར་པ་ལེན་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།
ཏང་ཀྲུང་དབྱང་གིས་ངོས་འཛིན་བྱས་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ཟིལ་རླབས་དགུང་དུ་འཕྱུར་ཞིང་། དུས་ཚོད་ཀྱི་བར་བརྒལ་རིང་བ་དང་། འབྲེལ་ཡོད་ཀྱི་ཁྱབ་ཁོངས་རྒྱ་ཆེ་ལ། ཞིབ་འཇུག་བྱེད་དགོས་པའི་གནད་དོན་མང་པོ་ཡོད། སྤྱིའི་ཆ་ནས་བཤད་ན་ལོ་རྒྱུས་ཕྱོགས་སྡོམ་བྱེད་པ་དང་། ཆོས་ཉིད་ཁོང་དུ་ཆུད་པ། ཡིད་ཆེས་བརྟན་དུ་གཏོང་བ། མ་འོངས་པར་སྐྱོད་པ་བཅས་ཀྱི་བླང་བྱ་ལྟར། ཏང་བསྐྱོད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་ཕྱོགས་སྡོམ་ཡག་པོ་དང་། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཕྱོགས་སྡོམ་ཡག་པོ། ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་སྐུལ་འདེད་བཏང་བའི་ཉམས་མྱོང་རྩ་ཆེན་ཕྱོགས་སྡོམ་ཡག་པོ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འབད་འབུངས་ཡར་བརྩོན་བྱས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་ཕྱོགས་སྡོམ་ཡག་པོ་བཅས་བྱེད་དགོས། བྱེ་བྲག་ཏུ་བཤད་ན། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱས་པའི་ལོ་བརྒྱའི་ལོ་རྒྱུས་བརྒྱུད་རིམ་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཏང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་འཕེལ་རིམ་རླབས་པོ་ཆེ་དང་། རྒྱལ་ཁབ་དང་མི་རིགས་ལ་བསྐྲུན་པའི་ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་དགོས། ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བའི་ལོ་བརྒྱའི་ལོ་རྒྱུས་བརྒྱུད་རིམ་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་དགོས། ཏང་གིས་རྒྱུན་ཆད་མེད་པར་ཏང་གི་མཐུན་སྒྲིལ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་པའི་ལོ་བརྒྱའི་ལོ་རྒྱུས་བརྒྱུད་རིམ་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་རྒྱག་པ་སྟེ་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་དགེ་མཚན་འདི་ལ་གོ་བ་གཏིང་ཟབ་ལེན་དགོས། ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་དོན་གཉེར་བྱེད་པའི་ལོ་བརྒྱའི་ལོ་རྒྱུས་བརྒྱུད་རིམ་ལ་ཞིབ་འཇུག་གཏིང་ཟབ་དང་། ཏང་གིས་མི་དམངས་དང་ཤི་གསོན་མཉམ་གནས་དང་བདེ་སྡུག་མཉམ་མྱོང་བྱས་པའི་ཤ་ཁྲག་ལྟ་བུའི་འབྲེལ་བར་ངོས་འཛིན་གཏིང་ཟབ་བྱས་ནས། སྔར་ལས་ལེགས་པར་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གཏོད་དགོས། ཏང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་བརྒྱབ་པ་དང་རང་ངོས་གསར་བརྗེ་ལ་སྐུལ་འདེད་བཏང་བའི་ལོ་བརྒྱའི་ལོ་རྒྱུས་བརྒྱུད་རིམ་ལ་ཞིབ་འཇུག་གཏིང་ཟབ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ནམ་ཡང་ཚར་དུས་མེད་པའི་བློ་རྩ་བརྟན་པོ་དང་གཡོ་མེད་ཀྱི་སེམས་ཤུགས་ཆེ་རུ་བཏང་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བར་འགན་ལེན་བྱེད་དགོས། ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོར་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པ་དང་། སྔར་ནས་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་ལ་རྩེ་གཅིག་ཏུ་དམིགས་པ་དང་བློ་སྟོབས་ཆེར་སྐྱེད་ཀྱིས་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་སྤོབས་པ་དང་སྟོབས་ཤུགས་ཆེ་རུ་གཏོང་དགོས།
ཏང་ཀྲུང་དབྱང་གིས་ངོས་འཛིན་བྱས་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པར་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བརྟག་ཐབས་སྨྲ་བ་རྒྱུན་འཁྱོངས་བྱེད་པ་དང་། བྱེ་བྲག་གི་ལོ་རྒྱུས་དང་། ཕྱི་རོལ་ཡུལ་དང་མཐུན་ཞིང་ཆ་ཚང་བ། འཕེལ་རྒྱས་དང་འབྲེལ་བ་བཅས་ཀྱི་ལྟ་བ་སྤྱད་དེ་ཏང་གི་ལོ་རྒྱུས་ལ་ལྟ་སྟངས་འཛིན་དགོས། ཏང་གི་ཡང་དག་པའི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་དང་ལོ་རྒྱུས་ཆེན་པོའི་ལྟ་བ་བཟུང་ནས། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་གཞི་དང་། གཙོ་རྐང་། གཙོ་རྒྱུན། ངོ་བོ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཏང་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་བརྒྱུད་མྱོང་བའི་ནོར་འཁྲུལ་དང་བར་ཆད་ལ་ལྟ་སྟངས་ཡང་དག་འཛིན་པ། ལེགས་གྲུབ་བྱུང་བའི་ཁྲོད་ནས་ཉམས་མྱོང་བསྡུ་ལེན་དང་། ནོར་འཛོལ་གྱི་ཁྲོད་ནས་བསླབ་བྱ་བསྡུ་ལེན་བཅས་བྱས་ཏེ། རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་ལམ་བུ་རྒྱུན་ཆད་མེད་པར་གཏོད་དགོས། དར་ཆ་གསལ་སྟོན་གྱིས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། བསམ་བློའི་ཁྲིད་སྟོན་དང་རིགས་པའི་གཞུང་ལུགས་ཀྱི་དབྱེ་ཞིབ་ལ་ཤུགས་བརྒྱབ་སྟེ། ཏང་གི་ལོ་རྒྱུས་ཐོག་གི་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་ཁ་ཤས་ལ་ངོས་འཛིན་རབ་རིབ་དང་ཕྱོགས་རེ་བའི་གོ་བ་ལེན་ཚུལ་གསལ་པོ་བཟོ་བ་དང་། སྔར་ལས་ལེགས་པར་ལྷད་མེད་ཁུངས་དག་ཡོང་བ་བྱེད་དགོས།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་མ་ཟིན་འགོད་པར་ཏང་ཀྲུང་དབྱང་གིས་གཤམ་གསལ་གྱི་ཕྱོགས་འགའ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་སྟེ།
དང་པོ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པར་དམིགས་དགོས། རང་རེའི་ཏང་གིས་སྔ་རྗེས་སུ་ལོ་རྒྱུས་ཀྱི་གྲོས་ཆོད་གཉིས་གཏན་འབེབས་བྱས་ཡོད། ཏང་དབུ་བརྙེས་པ་ནས་སྒྱུར་བཅོས་སྒོ་དབྱེ་བྱེད་པའི་དུས་འགོའི་བར་ཏང་གི་ལོ་རྒྱུས་ཐོག་གི་ཡིན་མིན་གྱི་གནད་དོན་གལ་ཆེན་སྐོར་ནི། ལོ་རྒྱུས་ཀྱི་གྲོས་ཆོད་དེ་གཉིས་ཀས་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཡོད། དེའི་གཞི་རྩའི་རྒྱས་བཤད་དང་བསྡོམས་ཚིག་དུས་ད་ལྟའང་སྤྱོད་གོ་ཆོད་པ་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་གི་ལས་དོན་ཁྲོད་དུ་གནད་དོན་ཁ་ཤས་བྱུང་མྱོང་ནའང་། སྤྱིའི་ཆ་ནས་བཤད་ན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་བདེ་བླག་ཡིན་པ་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་ཡིན། ཐོབ་པའི་གྲུབ་འབྲས་ནི་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པ་ཞིག་ཡིན། དེར་བརྟེན། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ཤུགས་རྒྱག་ས་དེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་ཐོག་བཞག་སྟེ། ཏང་ཡོངས་ཀྱི་བློ་གྲོས་གོང་དུ་འཕེལ་བ། མཐུན་སྒྲིལ་ཟབ་ཏུ་འགྲོ་བ། ཡིད་ཆེས་ཆེ་རུ་འགྲོ་བ། འཐབ་སེམས་དྲག་ཏུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།
གཉིས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་གཙོ་གནད་འདི་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་དུ་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཉམས་མྱོང་གསར་པ་གསོག་འཇོག་བྱས་པ་བཅས་གཙོ་གནད་དུ་བཟུང་ནས་ཕྱོགས་སྡོམ་བྱས་ཡོད། དེའི་བསམ་བློ་གཏོང་ཡུལ་གཙོ་བོ་ནི། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བར་བཅས་ཀྱི་ཏང་གི་ལོ་རྒྱུས་ནི་ལོ་རྒྱུས་ཀྱི་གྲོས་ཆོད་སྔ་མ་གཉིས་པོའི་ནང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཡོད། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པའི་གྲུབ་འབྲས་དང་ཉམས་མྱོང་ནི། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ལོ་ངོ་ཉི་ཤུ་འཁོར་བ་དང་། ལོ་ངོ་སུམ་ཅུ་འཁོར་བའི་སྐབས་སུ་ཏང་ཀྲུང་དབྱང་གིས་ཕྱོགས་སྡོམ་ནན་ཏན་བྱས་ཟིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག ངས་སྤེལ་བའི་གཏམ་བཤད་ནང་དུ་ཡང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཡོད། དེར་བརྟེན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་གི་ལོ་རྒྱུས་ཀྱི་དུས་སྐབས་ལ་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་དུ་སྔར་ཡོད་ཀྱི་ཕྱོགས་སྡོམ་དང་བསྡོམས་ཚིག་གི་རྨང་གཞིའི་ཐོག་རགས་བཤད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་གཙོ་གནད་འདི་མངོན་གསལ་དོད་པོ་བྱས་ན། ཏང་ཡོངས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ་དང་ང་ཚོས་སྒྲུབ་བཞིན་པའི་ལས་དོན་ལ་དམིགས་རྒྱུར་ཕན་པ་ཡོད་ལ། སྔར་བས་བློ་སྟོབས་ཆེན་པོའི་ཉམས་འགྱུར་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་ཕན་པ་ཡོད།
གསུམ་པ། གནད་དོན་གལ་ཆེན་དང་། གྲོས་ཚོགས་གལ་ཆེན། མི་སྣ་གལ་ཆེན་བཅས་ལ་གདེང་འཇོག་བྱེད་སྐབས་ཏང་ཀྲུང་དབྱང་གི་སྔར་ཡོད་བསྡོམས་ཚིག་དང་གཅིག་མཐུན་བྱ་རྒྱུ་གཙིགས་སུ་འཛིན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་གི་ཏང་གི་ལོ་རྒྱུས་ཐོག་གི་གནད་དོན་གལ་ཆེན་དང་། གྲོས་ཚོགས་གལ་ཆེན། མི་སྣ་གལ་ཆེན་བཅས་ཀྱི་སྐོར་ལ་ལོ་རྒྱུས་ཀྱི་གྲོས་ཆོད་སྔ་མ་གཉིས་དང་ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་རབ་དང་རིམ་པའི་ནང་དུ་རྒྱས་བཤད་མང་པོ་བྱས་ཡོད་ལ་ཚང་མས་གཟབ་ནན་གྱི་སྒོ་ནས་བསྡོམས་ཚིག་བཀོད་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་གཞི་རྩའི་རྒྱས་བཤད་དང་བསྡོམས་ཚིག་དེ་དག་རྒྱུན་འཁྱོངས་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་དགུ་བཅུ་གོ་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་དགུ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བཅས་དང་། ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སོགས་ཚོགས་འདུ་གལ་ཆེན་ཚང་མའི་ཐོག ངས་ཏང་གི་ལོ་རྒྱུས་ལ་ཕྱོགས་སྡོམ་དང་རྒྱས་བཤད་བྱས་ཏེ། ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ལ་ངོས་འཛིན་གསར་པ་བྱུང་བ་གསལ་པོར་མཚོན་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་དུ་ངོས་འཛིན་གསར་པ་འདི་དག་མཚོན་དགོས།
གཉིས། གྲོས་ཆོད་མ་ཟིན་འགོད་པའི་བརྒྱུད་རིམ།
ད་ལོའི་ཟླ་3པར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཏན་འབེབས་བྱས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པའི་སྐོར་གྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱ་རྒྱུ་དང་། ཡིག་ཆའི་མ་ཟིན་འགོད་པའི་ཚོགས་ཆུང་བཙུགས་ཏེ། ངས་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་འཁུར་རྒྱུ་དང་། བློ་མཐུན་ཝང་ཧུའུ་ཉིང་དང་ཀྲའོ་ལེ་ཅི་གཉིས་ཀྱིས་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པའི་འགན་འཁུར་རྒྱུ། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་དེ་བཞིན་འབྲེལ་ཡོད་ཀྲུང་དབྱང་སྡེ་ཚན་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་དེའི་ནང་ཞུགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཡིག་ཆར་མ་ཟིན་འགོད་པའི་ལས་ཀ་སྒྲུབ་འགན་འཁུར་རྒྱུ།
ཟླ་4ཚེས་1ཉིན། ཏང་ཀྲུང་དབྱང་གིས《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པའི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱེད་པར་བསམ་འཆར་བསྡུ་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་སྟེ། ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་ནས་བསམ་འཆར་བསྡུ་ལེན་བྱས་པ་ཡིན།
ཚུར་ལན་བསམ་འཆར་ལ་བལྟས་ན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་གཅིག་གྱུར་གྱིས་ངོས་འཛིན་བྱས་དོན། ཏང་ཀྲུང་དབྱང་གིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་པ་ནི། གཟབ་ནན་གྱིས་ལོ་རྒྱུས་རང་བཞིན་དང་འཐབ་ཇུས་རང་བཞིན་ལྡན་པའི་ཇུས་ཐག་བཅད་པ་ཞིག་རེད། ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་མི་ཉམས་པར་བྱེད་པའི་བློ་སྟོབས་ཆེན་པོ་དང་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པ་དང་། ཏང་གིས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་རང་འགུལ་དང་འགན་འཁྲི་འཁུར་སེམས་ཐོག་མཐའ་བར་གསུམ་དུ་སྟངས་འཛིན་བྱས་པ་གང་ལེགས་མཚོན་ཡོད། ཏང་གིས་དེང་སྐབས་ལ་གཞི་འཛུགས་པ་དང་། མ་འོངས་པར་དམིགས་པ། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱེད་པར་མཐོང་ཆེན་བྱེད་པ་བཅས་ཀྱི་གཟིགས་རྒྱང་རིང་བ་དང་བསམ་གཞིག་ཟབ་མོ་གང་ལེགས་མཚོན་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གཙོ་གནད་དུ་བཟུང་ནས་ཕྱོགས་སྡོམ་བྱེད་པར་མོས་མཐུན་གཅིག་གྱུར་བྱུང་བ་མ་ཟད། གྲོས་ཆོད་ནང་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་ཐད་བསམ་འཆར་དང་གྲོས་འགོ་ཡག་པོ་གང་མང་བཏོན་འདུག
ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་དོན། ལོ་ངོ་བརྒྱའི་རིང་ལ། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ནང་དུ་རྒྱུན་མཐུད་ངང་འབད་འཐབ་བྱས་ཏེ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སུ་བཀོད་པའི་ངོ་མཚར་བཏོད་ནས། ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་རྩ་བ་ནས་འགྱུར་ལྡོག་བཏང་བ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཕྱིན་པའི་བརྗིད་ཉམས་ཆེ་བའི་ལེ་ཚན་གསོན་ཉམས་ལྡན་པའི་སྒོ་ནས་བརྩམས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཡུལ་ཁམས་གསར་པ་བདེ་བླག་ངང་བཏོད་དེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད་ཉམས་པ་མེད་པའི་མཛད་རྗེས་བསྐྲུན་པ་དང་། མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་རླབས་པོ་ཆེ་འདིའི་ཐོག་ཏང་དང་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་ཧ་ཅང་ཕུན་སུམ་ཚོགས་པོ་བསགས་ཡོད། འདི་དག་ཚང་མར་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱེད་རིན་ཡོད། ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཉམས་མྱོང་གསར་པ་བཅས་གཙོ་གནད་དུ་བཟུང་ནས་ཕྱོགས་སྡོམ་བྱེད་དགོས་ཞེས་གྲོས་འགོ་བཏོན་འདུག
ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར་ཡིག་ཆ་ཟིན་འགོད་ཚོགས་ཆུང་གིས་ཏང་གི་ལོ་རྒྱུས་སྐོར་གྱི་ཚད་ལྡན་ཡིག་ཆ་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱས་པ་དང་། ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་ཤིང་། གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། གྲོས་ཆོད་མ་ཟིན་འགོད་པའི་ལས་ཀ་ནན་ཏན་གྱིས་བསྒྲུབས་པ་རེད།
ཟླ་9ཚེས་6ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་གཏན་འབེབས་གཞིར་བཟུང་ནས། གྲོས་ཆོད་ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་བཀྲམ་སྟེ་བསམ་འཆར་བསྡུ་ལེན་བྱས་པ་དང་། དེའི་ནང་དུ་ཏང་ནང་གི་བློ་མཐུན་རྒན་པ་ཁག་ཅིག་གི་བསམ་འཆར་བསྡུ་ལེན་བྱས་པ་ཡང་ཚུད་ཡོད། ད་དུང་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་ཆེད་མངགས་ཉན་པ་རེད།
ཚུར་ལན་བསམ་འཆར་གྱི་གནས་ཚུལ་ལ་བལྟས་ན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་གྲོས་ཆོད་ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་ལ་ཁས་ལེན་གང་ལེགས་བྱས་ཤིང་། གྲོས་ཆོད་མ་ཟིན་གྱི་སྒྲོམ་གཞི་གྲུབ་ཚུལ་དང་ནང་དོན་གཙོ་བོར་མོས་མཐུན་གཅིག་གྱུར་བྱུང་ཡོད། གྲོས་ཆོད་མ་ཟིན་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་དངོས་ཐོག་བདེན་འཚོལ་དང་ལོ་རྒྱུས་ལ་བརྩི་འཇོག་བྱས་པ་དེ་ཡིན་ཞིང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་མཚོན་པ་དང་། ལོ་རྒྱུས་ཀྱི་དོན་དངོས་དང་ཡོངས་སུ་མཐུན་པ། གྲོས་ཆོད་མ་ཟིན་གྱི་ནང་དུ་གནད་དོན་གལ་ཆེན་དང་། གྲོས་ཚོགས་གལ་ཆེན། མི་སྣ་གལ་ཆེན་བཅས་ལ་རྒྱས་བཤད་དང་གདེང་འཇོག་བྱས་པ་ནི། ཏང་གི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆའི་ནང་ཡོད་པའི་རྒྱས་བཤད་དང་བསྡོམས་ཚིག་དང་གཅིག་མཐུན་བྱུང་ཡོད་པས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་ལོ་རྒྱུས་སྐོར་གྱི་ཏང་ཀྲུང་དབྱང་གི་ངོས་འཛིན་གསར་པ་མཚོན་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་ཡོད། གྲོས་ཆོད་མ་ཟིན་ནང“ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང”ཕྱོགས་སྡོམ་དང་སྙིང་བསྡུས་བྱས་པ་དེས་ཏང་གིས་ཀྲུང་གོ་དང་མིའི་རིགས་ལ་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་པ་ཕྱོགས་ཡོངས་དང་། གཏིང་ཟབ། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་མཚོན་ཡོད། “ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང”ཕྱོགས་སྡོམ་དང་སྙིང་བསྡུས་བྱས་པ་དེས་ལོ་རྒྱུས་དང་། ད་ལྟ། མ་འོངས་བཅས་གཅིག་ཏུ་འབྲེལ་ཡོད་པས། ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད།
ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་དོན། གྲོས་ཆོད་མ་ཟིན་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཡིན་ཞིང་། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། མ་འོངས་གསར་གཏོད་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པ་བཅས་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་སྔ་མ་གཉིས་དང་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱང་ཡིན་པས། ཏང་ཡོངས་ཀྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གཟི་འོད་སྔར་ལས་ཆེ་བ་བརྩོན་ལེན་བྱེད་པར་སྐུལ་ལྕག་གཏོང་ངེས་རེད།
བསམ་འཆར་བསྡུ་ལེན་བྱེད་རིང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་བསམ་འཆར་དང་གྲོས་འགོ་ཡག་པོ་གང་མང་བཏོན་འདུག ཡིག་ཆ་ཟིན་འགོད་ཚོགས་ཆུང་གིས་བསམ་འཆར་དང་གྲོས་འགོ་དེ་དག་རེ་རེ་བཞིན་དབྱེ་ཞིབ་བྱས་ནས་བསྡུ་ལེན་བྱེད་ཐུབ་རིགས་བསྡུ་ལེན་གང་ཐུབ་བྱས་ཡོད། ཞིབ་འཇུག་དང་བསམ་གཞིག་ཡང་ཡང་བྱས་ཏེ། གྲོས་ཆོད་མ་ཟིན་ལ་བཟོ་བཅོས་ཁག་547བརྒྱབ་པ་དེ་ཐོག་ནས་ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གང་ལེགས་མཚོན་པར་བྱས་ཡོད།
གྲོས་ཆོད་མ་ཟིན་འགོད་པའི་གོ་རིམ་ཁྲོད། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་3འཚོགས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་ཐེངས་2འཚོགས་ཏེ་གྲོས་ཞིབ་བྱས་ནས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་གྲོས་ཆོད་མ་ཟིན་འདི་གྲུབ་ཡོད།
གསུམ། གྲོས་ཆོད་མ་ཟིན་གྱི་གཞི་རྩའི་སྒྲོམ་གཞི་དང་ནང་དོན་གཙོ་བོ།
གྲོས་ཆོད་མ་ཟིན་ལ་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད་ཁྱོན་ཁག་7ཡོད།
ཁག་དང་པོ། “དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་རླབས་པོ་ཆེ་བླངས་པ”དུས་སྐབས་འདིའི་ནང་ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི། བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་རྒྱུ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་རྩ་བའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དེ་ཡིན་པ་གསལ་བཤད་བྱས་ཡོད། ཏང་དབུ་བརྙེས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་དབྱེ་ཞིབ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཏང་བཙུགས་མ་ཐག་པའི་སྐབས་དང་། གསར་བརྗེ་ཆེན་པོའི་དུས་སྐབས། ས་ཞིང་གསར་བརྗེའི་དམག་འཁྲུག་གི་དུས་སྐབས། རི་འགོག་དམག་འཁྲུག་གི་དུས་སྐབས། བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་བཅས་སུ་གསར་བརྗེའི་འཐབ་རྩོད་བྱས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་གསར་སྐྲུན་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་དང་། དེ་བཞིན་མའོ་ཙེ་ཏུང་གི་དགོངས་པ་གསར་གཏོད་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་ལག་བསྟར་དང་སྐུལ་འདེད་བྱས་པའི་གྲུབ་འབྲས་གལ་ཆེན་བཅས་ཕྱོགས་སྡོམ་བྱས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པ། ཀྲུང་གོ་འདི་ཉིད་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་བཀས་བཀོད་རྒྱུད་འཛིན་སྒེར་གཅོད་ཀྱི་ཆབ་སྲིད་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་འཕུར་མཆོང་རླབས་པོ་ཆེ་བྱུང་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ་འཛམ་གླིང་ལ་དུས་དེ་ནས་བཟུང་ཀྲུང་གོའི་མི་དམངས་ཡར་ལངས་ཟིན་པ་དང་། ཀྲུང་ཧྭ་མི་རིགས་ལ་གཞན་གྱིས་རང་སྣང་གང་ཤར་གྱིས་མནར་གཅོད་གཏོང་བ་དང་བརྙས་བཅོས་ཚད་མེད་བྱེད་པའི་དུས་རབས་སླར་ཡང་ཕྱིར་མི་ལོག་པ། དུས་དེ་ནས་བཟུང་ཀྲུང་གོ་འཕེལ་རྒྱས་ཀྱི་སྲིད་ལོ་གསར་པ་ཞིག་འགོ་བརྩམས་པ་བཅས་སྒམ་བརླིང་ལྡན་པའི་ངང་ཁྱབ་བསྒྲགས་བྱས་པའི་ནན་བཤད་བྱས་པ་རེད།
ཁག་གཉིས་པ། “སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་གྲུབ་བྱུང་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ” དུས་སྐབས་འདིའི་ནང་ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི། དམངས་གཙོ་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་བསྒྱུར་ནས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་འདིང་རྒྱུ་དེ་ཡིན་པ་གསལ་བཤད་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འགྲན་སློང་དྲག་པོ་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ་དང་། གསར་བྱུང་གི་སྲིད་དབང་སྲ་བརྟན་དུ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་བདེ་བླག་ངང་ལེགས་གྲུབ་བྱུང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། ཕྱོགས་ཡོངས་དང་གཞི་ཁྱོན་ཆེ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པ། ཕྱི་ཕྱོགས་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་གསར་གཏོད་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཕྱོགས་སྡོམ་བྱས་པ་རེད། ཏང་གིས་སྲིད་སྐྱོང་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་འབད་བརྩོན་བྱས་པ་དང་གསོག་འཇོག་བྱས་པའི་ཐོག་མའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་དུས་སྐབས་འདིའི་ནང་ཏང་ལ་ཐོབ་པའི་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་རྒྱས་བཤད་བྱས་པའི་རྨང་གཞིའི་ཐོག མའོ་ཙེ་ཏུང་གི་དགོངས་པར་ཚན་རིག་དང་མཐུན་པའི་གདེང་འཇོག་བྱས་པ་རེད། དུས་སྐབས་འདིའི་ནང་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གྲུབ་འབྲས་རླབས་པོ་ཆེ་བསྐྲུན་ཏེ། དབུལ་ཞིང་ཕོངས་པ་དང་མི་གྲངས་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་གོམ་སྟབས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་བསྐྱོད་པའི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་བ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ་འཛམ་གླིང་ལ་ཀྲུང་གོའི་མི་དམངས་ནི་འཛམ་གླིང་རྙིང་པ་གཏོར་བར་མཁས་པོ་ཡོད་པ་མ་ཟད།
འཛམ་གླིང་གསར་པ་འཛུགས་སྐྲུན་བྱེད་པར་ཡང་མཁས་པོ་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་ལ། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་གཏོང་མི་ཐུབ་པ་སྒམ་བརླིང་ལྡན་པའི་ངང་ཁྱབ་བསྒྲགས་བྱས་པའི་ནན་བཤད་བྱས་པ་རེད།
ཁག་གསུམ་པ། “སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱས་པ”དུས་སྐབས་འདིའི་ནང་ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི། ཀྲུང་གོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་ཡང་དག་པ་མུ་མཐུད་འཚོལ་ཞིབ་བྱེད་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་སྟེ། མི་དམངས་དབུལ་ཕོངས་ཀྱི་གནས་ལས་བསྒྲལ་ནས་མགྱོགས་མྱུར་ཕྱུག་པོར་འགྱུར་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་གསོན་ཤུགས་གསར་པས་ཁེངས་པའི་སྒྲིག་སྲོལ་གྱི་འགན་ལེན་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དངོས་པོའི་ཆ་རྐྱེན་འདོན་སྤྲོད་བྱ་རྒྱུ་དེ་ཡིན་པ་གསལ་བཤད་བྱས་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལོ་རྒྱུས་ཀྱི་དོན་སྙིང་ནན་བཤད་བྱས་ཏེ། བློ་མཐུན་ཏེང་ཞའོ་ཕིང་གིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མི་དང་། བློ་མཐུན་ཅང་ཙེ་མིན་གྱིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མི། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མི་བཅས་ཀྱིས་ལོ་རྒྱུས་ཀྱི་བྱས་རྗེས་བཞག་པར་ཕྱོགས་སྡོམ་བྱས་ཡོད། ཏང་གིས་འགོ་ཁྲིད་དེ་ཕྱོགས་ཡོངས་ནས་ཟིང་བཅོས་ཡོ་བསྲང་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་པ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། རང་རྒྱལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ཉེན་ཁ་དང་ཚོད་བགམ་རབ་དང་རིམ་པར་འཚབ་འཚུབ་མེད་པར་ཁ་གཏད་བཅག་པ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་བཏང་བ། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པ་གསར་གཏོད་དང་སྐུལ་སྤེལ་བཏང་བ་སོགས་ཀྱི་ཐད་ནས། དུས་རབས་གསར་པའི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཆར་གཞི་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་མངོན་པར་བྱས་ཡོད། དུས་སྐབས་འདིའི་ནང་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བསྐྲུན་པའི་གྲུབ་འབྲས་རླབས་པོ་ཆེས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་ཡོང་བར་སྐུལ་འདེད་བཏང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ་འཛམ་གླིང་ལ་སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོ་དར་རྒྱས་གོང་འཕེལ་ཡོང་བར་ཁྲིད་སྟོན་བྱེད་པའི་འགྲོ་ལམ་ཡང་དག་ཡིན་ཞིང་། ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་ཡོད་པ་སྒམ་བརླིང་ལྡན་པའི་ངང་ཁྱབ་བསྒྲགས་བྱས་པའི་ནན་བཤད་བྱས་པ་རེད།
ཁག་བཞི་པ། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཏོད་པ” དུས་སྐབས་འདིའི་ནང་ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད་དགོས་པ་དེ་ཡིན་པ་གསལ་བཤད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་པ་དེ་རྒྱས་བཤད་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱས་པའི་འབྲས་བུ་སྙིང་བསྡུས་བྱས་པ། དུས་རབས་གསར་པར་ཏང་ལ་འཕྲད་པའི་དུས་བབ་དང་འགྲན་སློང་དང་ཉེན་ཁར་དབྱེ་ཞིབ་གཏིང་ཟབ་བྱས་ཡོད། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་། དཔལ་འབྱོར་འཛུགས་སྐྲུན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་། ཆབ་སྲིད་འཛུགས་སྐྱོང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”རྒྱུན་འཁྱོངས་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཕྱི་འབྲེལ་ལས་དོན་བཅས་ཕྱོགས་13གྱི་ཐད་ཁྱབ་ཁོངས་དབྱེ་ནས་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་ཕྱོགས་སྡོམ་བྱས་ཡོད། ལོ་དགུའི་རིང་གི་གསར་གཏོད་རང་བཞིན་གྱི་བསམ་བློ་དང་། འཕོ་འགྱུར་རང་བཞིན་གྱི་ལག་ལེན། ཚད་བརྒལ་རང་བཞིན་གྱི་ཡར་རྒྱས། མཚོན་རྟགས་རང་བཞིན་གྱི་འབྲས་བུ་བཅས་གཙོ་གནད་དུ་བཟུང་ནས་ཕྱོགས་སྡོམ་བྱས་ཡོད། དུས་སྐབས་འདིའི་ནང་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བསྐྲུན་པའི་གྲུབ་འབྲས་རླབས་པོ་ཆེས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་པ་དང་། དེ་ནས་སྟོབས་ཆེར་འགྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བསུས་ཡོད་པ་སྒམ་བརླིང་ལྡན་པའི་ངང་ཁྱབ་བསྒྲགས་བྱས་པ་ནན་བཤད་བྱས་པ་རེད།
ཁག་ལྔ་པ། “ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང”ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་ཚད་དང་གྲུབ་འབྲས་གལ་ཆེན་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག སྔར་བས་ཡངས་པའི་མིག་རྒྱང་ལ་བརྟེན་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ཕྱོགས་སྡོམ་བྱས་པ་སྟེ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་རྦད་དེ་འགྱུར་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཡང་དག་བཏོད་ཅིང་། མར་ཁེ་སི་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་སྟོན་པ་དང་། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ལ། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་ཀྲུང་གོ་གུང་ཁྲན་ཏང་ཞུན་བརྡར་བྱས་ཡོད། ཏང་གིས་ཀྲུང་གོ་མི་དམངས་དང་། ཀྲུང་ཧྭ་མི་རིགས། མར་ཁེ་སི་རིང་ལུགས། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་བཅས་ལ་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་པ་རྒྱས་བཤད་བྱས་ཡོད། སྙིང་བསྡུས་དོན་ཚན་ལྔ་པོ་འདི་ནི་ཀྲུང་ཧྭའི་ས་གཞི་ཆེན་པོར་གཞི་ཚུགས་པ་མ་ཟད། མིའི་རིགས་ཀྱི་མ་འོངས་པར་ཡང་མིག་རྒྱང་རིང་པོས་བལྟས་པ་ཞིག་ཡིན་ཞིང་། དེས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་དབར་གྱི་འབྲེལ་བ་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་། མར་ཁེ་སི་རིང་ལུགས་དང་། འཛམ་གླིང་སྤྱི་ཚོགས་རིང་ལུགས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བཅས་དབར་གྱི་འབྲེལ་བ་མཚོན་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད།
ཁག་དྲུག་པ། “ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང” རྩ་བའི་རང་བཞིན་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཁག་བཅུ་སྙིང་བསྡུས་བྱས་པ་སྟེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས། རིགས་པའི་གཞུང་ལུགས་གསར་གཏོད་མཐའ་འཁྱོངས། རང་བཙན་རང་བདག་མཐའ་འཁྱོངས། ཀྲུང་གོའི་འགྲོ་ལམ་མཐའ་འཁྱོངས། བློ་ཁོག་ཡངས་པོ་མཐའ་འཁྱོངས། གསར་གཏོད་སྲོལ་འབྱེད་མཐའ་འཁྱོངས། འཐབ་རྩོད་བྱེད་ཕོད་པ་མཐའ་འཁྱོངས། འཐབ་ཕྱོགས་གཅིག་གྱུར་མཐའ་འཁྱོངས། རང་ངོས་གསར་བརྗེ་མཐའ་འཁྱོངས་བཅས་བྱས་པ་དེ་རེད། ལོ་རྒྱུས་ཀྱི་ཉམས་མྱོང་ཁག་བཅུ་པོ་འདི་ནི་ཆ་ལག་ཚང་བ་དང་ཕན་ཚུན་སྦྲེལ་བའི་གོང་བུ་ཞིག་ཡིན་ཞིང་། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་ལེགས་གྲུབ་ཡོང་བའི་རྩ་བའི་འགན་ལེན་གསལ་སྟོན་དང་། ཏང་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་ལངས་ཐུབ་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གསལ་སྟོན། ཏང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱས་པའི་རྩ་བའི་རྒྱུ་རྐྱེན་གསལ་སྟོན། ཏང་གིས་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་མི་ཉམས་པར་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་རྩ་བའི་ཐབས་ལམ་གསལ་སྟོན་བཅས་བྱས་ཡོད། ལོ་རྒྱུས་ཀྱི་ཉམས་མྱོང་ཁག་བཅུ་པོ་འདི་ནི་དུས་ཡུན་རིང་པོའི་ལག་ལེན་ལ་བརྟེན་ནས་བསགས་པའི་ཉམས་མྱོང་རྩ་ཆེན་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་མཉམ་དུ་གསར་སྐྲུན་བྱས་པའི་བསམ་པའི་རྒྱུ་ནོར་ཡིན་པས། ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། དུས་རབས་གསར་པའི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས་པ་ནན་བཤད་བྱས་པ་རེད།
ཁག་བདུན་པ། “དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང” ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམིགས་ཏེ། ཏང་ཡོངས་ཀྱིས་ལྷ་ཤིང་ཤུག་པ་བྲག་ལ་བཙུགས་པ་ལྟར་གྱི་སྙིང་རུས་ལ་བརྟེན་ནས་གཏན་འཁེལ་ཟིན་པའི་དམིགས་ཚད་མངོན་འགྱུར་གང་ཐུབ་བྱེད་པ་དང་། འགྲུལ་པས་གནས་སྒོ་མཐོང་དུས་ལམ་ཕྱེད་ཙམ། ལེ་དབར་བརྒྱ་ཡི་ཤུལ་ལམ་ལས་དགུ་བཅུ་བཅད་པ་ལམ་ཕྱེད་ཙམ་གྱི་རིག་པ་དྭངས་གསལ་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་ལྷོད་མེད་གཏོང་དགོས་པ་ནན་བཤད་བྱས་པ་དང་། ངེས་པར་དུ་ཏང་གི་གཞི་རྩའི་རྩ་བའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ཕྱུག་འགྱུར་དང་། རྒྱལ་ཁབ་སྟོབས་ལྡན། ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་སུ་འགྱུར་བར་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ། ངེས་པར་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་མཐའ་འཁྱོངས་བྱས་ཏེ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་རྒྱུན་ཆད་མེད་པར་བྱེད་དགོས་པའི་ནན་བཤད་བྱས་པ། ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱས་ན་གནས་ཐུབ་ཅིང་། བདེ་ཆགས་རོལ་རྩེད་བྱས་ན་འཇིག་པར་འགྱུར་བ་དེ་ཡིད་ལ་བརྟན་པོར་ངེས་པ་དང་། ཕུགས་ཡུན་གྱི་ཉམས་ཉེན་རྟག་དྲན་དང་བདེ་སྡོད་ཉེན་བསམ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ། ངེས་པར་དུ་ཤུལ་རྒྱུན་འཛིན་མཁན་ཡོད་པའི་རྩ་བའི་ཇུས་ཆེན་འདི་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་བཅས་རེད། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཁ་སང་གི་དཀའ་སྡུག་དང་གཟི་བརྗིད་བརྗེད་མི་རུང་ལ། དེ་རིང་གི་འགན་འཁྲི་འཁུར་སེམས་ལ་ངོ་གནོང་མི་དགོས་པ། སང་ཉིན་གྱི་ཕུགས་འདུན་རླབས་པོ་ཆེ་སྟོང་ཟད་དུ་མི་གཏོང་བ། ལོ་རྒྱུས་མེ་ལོང་དུ་འཛིན་པ། མ་འོངས་གསར་གཏོད་བྱེད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་པ། བློ་རྩ་བརྟན་པོས་མདུན་དུ་སྐྱོད་པ་བཅས་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
བློ་མཐུན་རྣམ་པ། གྲོས་ཆོད་འདིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་ནི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་རེད། ཚང་མས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ལོ་རྒྱུས་དང་། ད་ལྟ། མ་འོངས་པ་བཅས་ཚང་མ་སྟངས་འཛིན་བྱས་ནས་བསམ་གཞིགས་གཏིང་ཟབ་དང་། བགྲོ་གླེང་གཏིང་ཟབ། བློ་རྩེ་གཅིག་སྒྲིམ། བློ་བསྡུས་དགེ་འཚོལ་བཅས་བྱས་ཏེ། དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ནས། མཉམ་དུ་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཡག་པོ་འཚོག་པ་དང་། གྲོས་ཆོད་མ་ཟིན་ལ་བཟོ་བཅོས་ཡག་པོ་རྒྱག་དགོས།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣