ཉེ་དུས། ལྷོ་ཁ་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ་དང་། སློབ་སྦྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཁག་སྤེལ་བ་བརྒྱུད་ཁྲིམས་ཁང་ཁོངས་གཏོགས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས། ལས་བྱེད་པ་དང་མང་ཚོགས་ཀྱིས་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་སྙིང་སྟོབས་ཆེ་རུ་སོང་བ་རེད།
ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་པར་བསྐྱོད་ཅིང་། སྒྲོག་འགྲེལ་བྱ་རྒྱུ་དེ་དོན་དངོས་དང་ཟུང་འབྲེལ་བྱས་ཁར་བརྗོད་དོན་གཙོ་བོར་དམིགས་ནས་རྒྱས་བཤད་ཁ་གསལ་དང་གོ་བདེ་རྟོགས་སླའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དུས་རབས་ཀྱི་དོན་སྙིང་དང་། ཕུན་སུམ་ཚོགས་པའི་ནང་དོན། ལྟེ་བའི་སྙིང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་འགྲེལ་བཤད་བརྒྱབ་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བློ་བསྐྱེད་ཟབ་མོ་ཡོང་བ་བྱས་ཡོད།
སྣ་དཀར་རྩེ་རྫོང་ཁྲིམས་ཁང་གི་ཏང་ཀྲི་པུས་དཔེ་ཀློག་མྱོང་བ་མཉམ་སྤྱོད་ཀྱི་འདུ་ཚོགས་བརྒྱུད་ལས་བྱེད་ཉེན་རྟོག་པ་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྗོད་དོན་གཙོ་བོར་དམིགས་ནས་སློབ་སྦྱོང་བགྲོ་གླེང་བྱས་ཤིང་། ལས་ཀའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་བ་དང་། ཕན་ཚུན་དབར་དཔེ་དེབ་ཡག་པོ་ངོ་སྤྲོད་བྱེད་པ། མཉམ་དུ་དཔེ་དེབ་ཀློག་པའི་སྤྲོ་སྣང་བརྗོད་པ་སོགས་བྱས་པས་འདུ་ཚོགས་ནང་ཞུགས་མཁན་ལས་བྱེད་པ་ཚོས་ཤེས་བྱ་མང་པོ་ཤེས་ཡོད་ལ་བྱང་ཚད་ཀྱང་མཐོ་རུ་ཕྱིན་ཡོད་པ་རེད།