དབུ་ཤོག>གསར་འགྱུར།
  • གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་ཇི་སྲིད་བར་བདེ་སྐྱིད་འཚོ་བར་རོལ་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2021-11-11

    ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོར“མེ་ཏོག་རྫོང་ཏང་གི་ལོ་རྒྱུས་སློབ་ཁྲིད་ཆེ་མོའི་བདེ་ཞིང་ཤང་གི་སྐོར་སྐྱོད་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ”དུས་བཀག་ལྟར་འཚོགས་ཤིང་། སྙན་ཞུའི་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་རྡོ་རྗེ་ཚེ་རིང་གིས་ཐང་རྒྱལ་རབས་ཚུན་གྱི་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་རྒྱས་བཤད་གཏིང་ཟབ་བྱས་པ་དང་འབྲེལ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པར་བརྒྱུད་རིམ་ལྡན་པའི་ངང་ཕྱིར་དྲན་བྱས་པ་རེད།

    སྒྲོག་འགྲེལ་སྙན་ཞུ་ཉན་པའི་མྱོང་ཚོར་གླེང་སྐབས། འཇོན་ཐང་ཆེ་བའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་མོན་པ་རིགས་ཀྱི་གྲོང་ཚོའི་ལས་བྱེད་པ་བཅོ་ལྔ་ཟླ་བས་གསར་འགོད་པར“བོད་རྙིང་པར་མོན་པ་བ་འདུས་སྡོད་ཁུལ་གྱི་ས་ཞིང་དང་། ནགས་ཚལ། རྩྭ་ར་སོགས་ཀྱི་ཐོན་སྐྱེད་རྒྱུ་ཆ་ཚང་མ་མངའ་བདག་ཆེན་པོ་གསུམ་ལ་དབང་གི་ཡོད” “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་པ་དང་བོད་ཞི་བས་བཅིངས་འགྲོལ་མ་བཏང་ཚེ་ང་ཚོ་མོན་པ་བའི་ད་ཆའི་བདེ་སྐྱིད་འཚོ་བ་ག་ལ་ཡོད”ཅེས་བཤད།

    རི་མཐོ་གཡང་གཟར་ལམ་ནས་ལྟ་ན་སྡུག་པའི་མཛེས་ལྗོངས་བར།

    སྦྲང་ཆར་ཟིལ་མ་འབབ་པའི་འགྲུལ་བཞུད་ལམ་དུ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བཅར་འདྲི་ཚོགས་ཆུང་དང་བཅས་པ་རི་ལམ་ཀྱག་ཀྱོག་བརྒྱུད་མེ་ཏོག་རྫོང་གི་ནུབ་བྱང་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་ཕ་རོལ་གྱི་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོར་འབྱོར། རྒྱང་ལྟ་བྱེད་སྐབས་མིག་ལམ་དུ་འཆར་བ་ནི་བརྗིད་ཆགས་ཀྱི་རི་བོ་དང་ནགས་ཚལ་སྟུག་པོས་བརྒྱན་འདུག བདེ་ཞིང་གྲོང་ཚོ་ནི་ཐོན་ཁུངས་ཕུན་སུམ་ཚོགས་པའི་སུམ་རྩེན་གནས་ལ་འགྲན་པར་ནུས་པའི་གནས་མཆོག་ཏུ་ཆགས་ཡོད།

    འོན་ཀྱང་བཅར་འདྲི་ཚོགས་ཆུང་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་བརྒྱུད་སྐབས་གློ་བུར་དུ་རྦབ་རྡོ་ལྷུང་ནས་ལམ་འགག བཅར་འདྲི་ཚོགས་ཆུང་དང་བཅས་པས་རླངས་འཁོར་ནས་བབས་ཏེ་ལམ་བུ་བཤངས། ཉེན་ཁ་ཆེ་བའི་བརྒྱུད་རིམ་བརྒྱུད་རྗེས་ཚང་མས“འདི་འདྲའི་བཅར་འདྲིའི་ལམ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་རེད”ཅེས་ཕན་ཚུན་ལབ་རེས་བྱས། དེ་རྗེས་བཅར་འདྲི་ཚོགས་ཆུང་དང་བཅས་པས་མུ་མཐུད་བདེ་ཞིང་ཤང་གི་ཕྱོགས་སུ་བསྐྱོད།

    རྫོང་གྲོང་ནས་བདེ་ཞིང་གྲོང་ཚོ་བར་ལམ་ཐག་སྤྱི་ལེ་7.8ཡོད་ཅིང་། གྲོང་ཚོ་ཧྲིལ་པོར་ཁྱོན་དུད་ཚང་95དང་མི་གྲངས་381ཡོད་པ་དང་དེའི་ནང་མོན་པ་རིགས་ཀྱིས་གྲོང་ཚོ་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་97%བཟུང་ཡོད།

    དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་860ཟིན་པ་དང་དཔེ་མཚོན་གྱི་ཕྱོགས་བསྡུས་གནམ་གཤིས་ཁོངས་སུ་གཏོཌ་པས། ས་བབ་མཐོ་ས་ནས་དམའ་སའི་བར་གྱི་སྔོ་ཁེབས་ཕུན་སུམ་ཚོགས་ཤིང་། དེ་གར་མཐོ་གྲང་ཁུལ་གྱི་སྤང་ལྗོངས་ཡོད་ལ་ཚ་བའི་ཁུལ་གྱི་ནགས་ཚལ་ཡང་ཡོད། གྲོང་ཚོ་ཡོངས་སུ་ནགས་ཚལ་ཁྱབ་རྒྱ་ཆེ་བ་དང་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་སྟབས། དེ་ནི“འཛམ་གླིང་གི་སྲོག་ཆགས་དང་རྩི་ཤིང་གི་རྟེན་རྫས་བཤམས་མཛོད་ཁང”དང“འཛམ་གླིང་གི་སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད”བཅས་སུ་གྲགས་པའི་མེ་ཏོག་རྫོང་གི་ལྟེ་བའི་ས་རྒྱུད་ཅིག་རེད།

    “གསོ་རླུང་གི་བང་མཛོད”དུ་གྲགས་པའི་བདེ་ཞིང་གྲོང་ཚོར་གནམ་གཤིས་དྲོ་གྲང་སྙོམས་ལ་འཚོ་གནས་ལ་ཧ་ཅང་འཚམ་པོ་ཡོད། བདེ་ཞིང་ནི“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ”ཡིན་ཞིང་། དེ་གའི་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་ལ་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།

    ཇ་ཞིང་ཞིག་ནས་ཐོན་ལས་ཤིག་གི་བར།

    བདེ་ཞིང་ནི་མེ་ཏོག་རྫོང་གི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་རེད། བདེ་ཞིང་ཤང་གི་དྲིལ་བསྒྲགས་ཨུ་ཡོན་དཀོན་མཆོག་རྒྱ་མཚོའི་སྣེ་ཁྲིད་འོག་ང་ཚོས་ཆར་རླུང་ལ་མ་འཛེམས་པར་ཇ་ཞིང་ཁུལ་ལ་ལར་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན། སྔོ་ཐིང་ཐིང་གི་ཇ་ཞིང་ཁུལ་རེ་རེ་ལས་བདེ་ཞིང་གྲོང་ཚོས་སྤུས་ལེགས་ཀྱི་ཇ་ཤིང་འདེབས་འཛུགས་བྱེད་བཞིན་པ་མཐོང་བྱུང་། ཐོན་སྐྱེད་བརྒྱུད་རིམ་ཁྲོད་རྫས་ལུད་དང་། ཞིང་སྨན། རྩི་ཤིང་སྐྱེ་འཚར་སྨན། རྫས་འགྱུར་བཟའ་བཅའི་སྦྱོར་རྟ་སོགས་མ་སྤྱད་པར་ནུས་ཤུགས་ཡོད་རྒུས་ས་མཐོའི་ལྷད་མེད་སྐྱེ་ཁམས་ཀྱི་ཇ་ལོ་དང་བདེ་ཐང་གི་ཇ་ལོའི་སྤུས་རྟགས་གཏོད་བཞིན་ཡོད།

    དོན་དངོས་ཐོག་གྲོང་ཚོ་འདིའི་ཇ་ལོ་ནི་ཉེ་བའི་ལོ་ཤས་རིང་བཏབ་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྲིད་གཞུང་གིས་སྐུལ་སྤེལ་དང་། བོད་སྐྱོར་གྱིས་སྐུལ་འདེད། བྱེད་པོས་སྐུལ་ཁྲིད། ཁྲོམ་རས་ཡར་སྐུལ་བཅས་བྱས་ནས་བདེ་ཞིང་གྲོང་ཚོའི“ཁྱད་ལྡན”དང“སྐྱེ་ཁམས”ལ་དམིགས་ནས་བྱ་བ་བསྒྲུབས་ཡོད། “བདེ་ཞིང་ཤང་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་རྟེན་གཞི”དང་གྲོང་ཚོ་ཡོངས་ཀྱི་སྐམ་ཞིང་སྤྱད་དེ་དྲོད་ཁང་ཆེ་མོའི་སྔོ་ཚལ་དང་སྐྱེ་ལྡན་ཇ་ལོ་འདེབས་འཛུགས་བྱས་ནས། འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། བདེ་ཞིང་དམངས་སྲོལ་རིག་གནས་སྔོག་འདོན་བྱས་ཏེ། སྨྱུག་ཆས་ལས་སྣོན་དང་ཞིང་དུད་སྤྲོ་སྐྱིད་ཁང་སོགས་ཡུལ་སྐོར་ལས་རིགས་དང་ཟུང་འབྲེལ་དམ་ཟབ་བྱེད་པའི་སྐྱེ་ཁམས་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་བཏང་ནས་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ལམ་བུའི་ཐོག་བསྐྱོད་པ་རེད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་བཅོ་ལྔ་ཟླ་བས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་གསར་འགོད་པར“བདེ་ཞིང་གྲོང་ཚོའི་ཇ་ལོའི་རྟེན་གཞི་དང་ཁང་པའི་རྒྱབ་མདུན་གྱི་སྒོ་རའི་དཔལ་འབྱོར་སོགས་ཁྱད་ལྡན་ཐོན་ལས་ཀྱིས་གྲོང་ཚོ་ཡོངས་ཀྱི་མི་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ནས་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་པ་མ་ཟད། གྲོང་གསེབ་དར་རྒྱས་དང་མཐའ་དར་དམངས་ཕྱུག་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་རྒྱུ་རེད”ཅེས་བཤད།

    ཁྱིམ་ཚང་གཅིག་པུ་ནས་གྲོང་ཚོ་ཡོངས་ཕན་ཚུན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བར།

    མོན་པ་རིགས་ཀྱི་བུད་མེད་ཧུང་ཞེང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བདེ་ཞིང་བ་ཞིག་རེད། ཁོང་ད་ལོ་ལོ་49ལ་སླེབས་ཀྱི་ཡོད། ཁོང་གི་བཟའ་ཟླ་ཡོན་ཀོན་ཏུང་ནི་སི་ཁྲོན་བ་ཞིག་ཡིན་པ་དང་1986ལོར་མེ་ཏོག་རྫོང་དུ་ཡོང་ནས་ཀུ་ལི་དང་། ལྗིད་ཐེག་རླངས་འཁོར་གཏོང་མཁན། ཨར་པོ་རྒྱུག་མཁན། ཟ་ཁང་གཉེར་བ་བཅས་བྱེད་མྱོང་ཡོད། ཁོང་ནི་སྡུག་རུས་ཆེ་ལ་སློབ་སྦྱོང་ལ་དགའ་བའི་མི་ཞིག་ཡིན། དེ་སྔ་ཡོན་ཀོན་ཏུང་གང་སར་གླ་པ་རྒྱུག་པར་འགྲོ་དགོས་པས་སྡོད་གནས་གཏན་འཁེལ་མེད་པས། མི་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད་ཧུང་ཞེང་དང་ཁྱིམ་ཚང་འཛིན། ལོ་20ལྷག་ཙམ་རིང་དཀའ་བ་ཚད་མེད་སྤྱད་པ་བརྒྱུད། ཁྱིམ་ཚང་ཆུང་ཆུང་དེའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་ཕྱིན་ཡོད།

    ཧུང་ཞེང་གི་ནང་མི་དང་གྲོང་ཚོའི་མང་ཚོགས་དབར་གཅིག་ཕན་གཅིག་རོགས་བྱས་ནས་ཧ་ཅང་འཆམ་པོ་ཡོད་པས་མི་རིགས་གཅིག་མཚུངས་ཡིན་པའི་སྣང་བ་ཡོང་གི་ཡོད། ད་ཆ་ཡོན་ཀོན་ཏུང་གིས་མོན་པའི་སྐད་ཆུ་རྒྱུག་རྒྱུག་ཤོད་ཐུབ་པས། ས་ཆ་དེ་གའི་མི་དང་སྤྱིར་ན་ཁྱད་པར་མེད། གྲོང་པ་ཁྱིམ་མཚེས་དབར་ཡང་ཧ་ཅང་འཆམ་པོ་ཡོད།

    ལོ་མང་རིང་། རྒན་ཡོན་ལགས་ཀྱིས་ཕྱི་ནས་ཞོར་ལས་ཀྱི་ཡོང་འབབ་མི་དམན་པ་བསགས་ཡོད་པས། ཁྱིམ་མཚེས་ལ་དཀའ་ངལ་ཅི་ཞིག་ཡོད་ཀྱང་ཁོང་འཚོལ་རྐྱང་བྱེད་པ་དང་། ཧུང་ཞེང་དང་ཡོན་ལགས་ཀྱིས་ཀྱང་རང་ནུས་གང་ཡོད་ཀྱིས་རོགས་པ་བྱེད་ཀྱི་ཡོད། ཧུང་ཞེང་གི་ཁྱིམ་དུ་ཞིང་འཕྲུལ་ཞིག་ཡོད་པ་དེ་རྟག་ཏུ་གྲོང་མི་ཚོས་གཡར་གྱི་ཡོད། ཁོང་གིས་ད་དུང་ཉི་མ་དྲོ་ས་ཞིག་ཏུ་ཤིང་གི་རྐུབ་བཀྱག་བཟོས་ཡོད་པས། རྒན་རྒོན་རྣམས་ཁོམ་པ་ཡོད་རིམ་བཞིན་དུ་དེ་གར་ངལ་གསོ་བ་དང་ཅི་འཕྲོས་མོས་འཕྲོས་བྱས་ནས་སྡོད་ཀྱི་ཡོད།

    བདེ་ཞིང་གྲོང་ཚོར་མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་དུ་ནང་མི་ཕན་ཚུན་མཐོང་ཆུང་མི་བྱེད་པར་དགའ་སྤྲོ་འཆམ་མཐུན་གྱིས་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད།

    “སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་དང་། མཛེས་སྡུག་ལྡན་པའི་ཕ་ཡུལ་གྱི་མཛེས་ལྗོངས་སྔར་མུས་བཞིན་གནས་པ། མཐུན་སྒྲིལ་ལྡན་པའི་ཁྱིམ་གཞིས་འཛུགས་སྐྱོང་བཅས་བྱས་ཚེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཆེ་བ་ཡོང་ཐུབ”ཅེས་བཅོ་ལྔ་ཟླ་བས་བཤད།

    མཐུན་སྒྲིལ་འཆམ་མཐུན་བྱུང་ན་ལས་བརྒྱ་དར།

    གསར་འགོད་པའི་ཟིན་བྲིས།

    མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་པའི་བདེ་ཞིང་གྲོང་ཚོས་ཉེ་བའི་ལོ་ཤས་རིང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས“མོས་སེམས་ལྔ”ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཐུབ་ཡོད། གཞན་ཡང་། མི་རིགས་མཐུན་སྒྲིལ་གྱི་བརྗོད་བྱའི་དཔེ་དེབ་ཡག་པོ་གཅིག་ལྟ་བ་དང་། མི་རིགས་མཐུན་སྒྲིལ་གྱི་གླུ་གཞས་གསར་པ་གཅིག་ལེན་པ། མི་རིགས་མཐུན་སྒྲིལ་ནང་དོན་དུ་བྱས་པའི་གློག་ཆས་སློབ་ཁྲིད་པར་གཞི་གཅིག་ལྟ་བ། མི་རིགས་མཐུན་སྒྲིལ་སློབ་གསོའི་འཆད་ཁྲིད་གཅིག་ཉན་པ། མི་རིགས་མཐུན་སྒྲིལ་སློབ་གསོའི་གྲོས་བསྡུར་ཚོགས་འདུ་ཐེངས་གཅིག་འཚོགས་པ་སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་ཉེ་འགྲམ་གྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མིག་དཔེ་དུས་ཐོག་ཏུ་སྔོག་འདོན་དང་ཕྱོགས་སྡོམ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མིག་དཔེ་བཙུགས་ཏེ“སྔོན་ཐོན་སློབ་སྦྱོང་དང་མཐུན་སྒྲིལ་བསྡུར་བའི”ཁྲོད་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱས་ཡོད།

    2019ལོའི་ཟླ་9པར་བདེ་ཞིང་གྲོང་ཚོ་འདི་ཉིད་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེ”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ་རེད། གཟི་བརྗིད་མཚན་སྙན་འདིར་ཁོང་ཚོ་ངོ་གནོང་མི་དགོས་པ་ཞིག་ཡོད། རིག་གནས་ཐད་ཕན་ཚུན་མཉམ་འདྲེས་དང་། དཔལ་འབྱོར་ཐད་ཕན་ཚུན་བརྟེན་རེས། བརྩེ་དུང་ཐད་ཕན་ཚུན་བློས་འགེལ་བཅས་བྱས་པ་ལས་གྲོང་ཚོ་འདིར་མི་རིགས་མང་པོ་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་རྣམ་པ་ཞིག་ཆགས་ཡོད།

    བདེ་ཞིང་གྲོང་ཚོའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་ལག་ལེན་དང་ཉམས་མྱོང་ཁྲོད་ནས“མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་བཅས་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དམིགས་ཚད་ཀྱང་ཡིན་པ”དང“མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་བོད་འཕེལ་རྒྱས་ཡར་ཐོན་གྱི་འགན་ལེན་གལ་ཆེན་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན་པའི”ར་སྤྲོད་ཐུབ་ངེས་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།