གྲོང་ཁྱེར་ཞིག་གི་ཤེས་དཔལ་ནི་ཕྱོགས་གང་ས་ཅི་ཐད་ནས་མངོན་གྱི་ཡོད། གྲོང་ཁྱེར་གྱི་ཤེས་དཔལ་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པའི་འགྲུལ་སྐྱེལ་ས་ཚིགས་ཀྱིས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་དང་ཤེས་དཔལ་བརྒྱུད་བསྒྲགས་ཀྱི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་གྱི་འགྲུལ་སྐྱེལ་ས་ཚིགས་ཁག་གིས་ཡ་རབས་ལྡན་པའི་ཁོར་ཡུག་ཧུར་ཐག་གཏོད་པ་དང་སྐྱིད་སྣང་དོད་པ་དང་། སྙིང་ཉེ་བ། མི་གཤིས་ཅན་བཅས་ཀྱི་ཞབས་ཞུ་གཏིང་ཟབ་བསྒྲུབས་ནས་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུར་བཀྲག་མདངས་འཚེར་ས་བསྣན་ཡོད།
ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་བྱང་འདབས་འགྲུལ་སྐྱེལ་ས་ཚིགས་སུ་སྐྱོད་སྐབས། རླངས་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་གོ་རིམ་ལྡན་པའི་ངང་འགྲུལ་པར་ཚ་བ་ལྟ་བ་དང་འགྲོ་སྐྱོད་ཨང་རྟགས་བཤེར་བ་སོགས་བྱེད་པ་མཐོང་བྱུང་། འགྲུལ་པས་རང་འགུལ་ངང་ཁ་རས་བརྒྱབ་ནས་གྲལ་འགྲིག་པོས་སྤ་སེ་ཉོ་བ་དང་བདེ་འཇགས་ཞིབ་བཤེར་དང་ལེན་བྱེད་པ། སྤ་སེ་འཚོང་ས་དང་། རླངས་འཁོར་སྒུག་ས། བབས་ཚུགས་ཀྱི་བར་ཁྱམས་སོགས་སུ་ཡ་རབས་ཡུལ་སྐོར་གྱི་སྦྱར་ཡིག་དང་ཡ་རབས་དྲིལ་བསྒྲགས་ཀྱི་སྦྱར་ཡིག་གང་སར་མཐོང་རྒྱུ་ཡོད་པ་དང་། རླངས་འཁོར་དང་དེ་བཞིན་རླངས་འཁོར་བབས་ཚུགས་ཀྱི་ཕྱོགས་གང་སར་གཙང་སྦྲ་དོད་ལ་ལས་དོན་མི་སྣས་དཀའ་ངལ་ཡོད་པའི་འགྲུལ་པར་ཞབས་ཞུ་ཧུར་ཐག་སྒྲུབ་བཞིན་འདུག
ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བྱང་འདབས་འགྲུལ་སྐྱེལ་ས་ཚིགས་ཀྱིས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། འདི་ལོའི་ལོ་འགོར། རླངས་འཁོར་བབས་ཚུགས་ནང་གི་སྒུག་སྡོད་ཚོམས་ཆེན་དང་། གསང་སྤྱོད། འགྲེམས་སྟོན་གྱང་སོགས་ཀྱི་སྒྲིག་བཀོད་ལ་སྒྱུར་བཀོད་རིམ་སྤོར་བྱས་ཡོད། འཛུགས་གཏོད་ལས་དོན་གྱི་བླང་བྱ་གཞིར་བཟུང་། རླངས་འཁོར་བབས་ཚུགས་ནང་ད་དུང་ཤེས་དཔལ་དྲིལ་བསྒྲགས་ཀྱི་སྤྱི་ཕན་བརྡ་ཁྱབ་བསྒར་ས་ཆེ་གྲས་7བཀོད་སྒྲིག་བྱས་པ་དང་འབྲེལ། དུས་ངེས་མེད་ངང་གཙང་སྦྲ་དང་བརྗེ་ལེན་བྱས་ནས་རླངས་འཁོར་བབས་ཚུགས་ཀྱི་གཉེར་སྐྱོང་ཁོར་ཡུག་དང་གཉེར་སྐྱོང་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་བསྐྱངས་ཏེ“ཡ་རབས་སྐར་ཁུང”གི་གཟུགས་བརྙན་བཏོད་ཡོད། “ང་རྟག་ཏུ་གྲོང་ཁྱེར་དང་ས་ཁུལ་ཁག་ལ་གཞུང་དོན་སྒྲུབ་པར་འགྲོ་དགོས་པས་དེ་གའི་རླངས་འཁོར་མང་ཤོས་སྡོད་ཀྱི་ཡོད། ཐེངས་ཤིག་ངའི་ཁུག་མ་རླངས་འཁོར་སྒུག་སའི་རྐུབ་སྟེགས་ཐོག་ལུས་པ་དང་ཁུག་མ་དེའི་ནང་དངུལ་སྨར་མི་ཉུང་བ་ཞིག་ཡོད། རླངས་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་རྙེད་རྗེས་ཉར་ཚགས་བྱས་འདུག གནས་ཚུལ་དེ་ལས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་འགྲུལ་པ་བུ་ཆུང་གིས་བརྗོད།