དབུ་ཤོག>གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2021-11-09

     ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་ཞིབ་འཇུག་བྱས་པའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2020ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་རྗེས་དཔྱད་ཞིབ་ཀྱི་ཕུལ་བྱུང་ས་ཁུལ་དང་། གྲོང་ཁྱེར། སྡེ་ཚན་བཅས་ལ་གཟེངས་བསྟོད་བྱས་ཁར་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཁྲེན་ཡུང་ཆིས་འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཡོངས་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་བཟང་པོ་མངོན་པ་དེ་ནི་ལས་སླ་པོར་བྱུང་བ་ཞིག་མིན། དེ་མཐར་གཏུགས་ནས་བརྗོད་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེད་དཔོན་ཕྱོགས་སྟོན་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། དེ་བཞིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་ཡིན་པ་མ་ཟད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་སེམས་ནུས་དང་རྔུལ་ཆུའང་འདུས་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་བླང་བྱ་ལྟར་འགན་འཁྲི་འཁུར་སེམས་དེ་བས་ཆེ་བ་དང་། བྱ་ཐབས་དེ་བས་ཏན་ཏིག སྤྱོད་ཚུལ་དེ་བས་ནན་པ་བཅས་ཀྱི་སྒོ་ནས་ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    ཁྲེན་ཡུང་ཆིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཐབས་བརྒྱ་ཇུས་སྟོང་ངང་མ་དངུལ་མང་དུ་གཏོང་བ་བཅས་བྱས་ནས་མ་འཇོག་གིས་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པའི་འགག་རྩའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། “རྣམ་གྲངས་ལྟེ་བར་འཛིན་པའི”འདུ་ཤེས་འཛུགས་པ་དང་། “ཚོང་འགུགས་རྣམ་གྲངས་ཐད་ཇུས་འགོད་དམ་འཛིན་དང་། དུས་འགོའི་རྣམ་གྲངས་ཐད་ལས་འགོ་འཛུགས་རྒྱུ་དམ་འཛིན། སྐྲུན་བཞིན་པའི་རྣམ་གྲངས་ཐད་མྱུར་ཚད་དམ་འཛིན། ལས་མཇུག་འགྲིལ་བའི་རྣམ་གྲངས་ཐད་ཐོན་སྐྱེད་ལ་དམ་འཛིན། གནད་དོན་ཡོད་པའི་རྣམ་གྲངས་ཐད་བཅོས་སྒྲིག་ལ་དམ་འཛིན། ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས་ཐད་ཕན་འབྲས་ལ་དམ་འཛིན”བཅས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་སྒྲུབ་པ། སང་ལོའི་རྣམ་གྲངས་འཛུགས་སྐྲུན་ཚན་རིག་དང་མཐུན་པའི་ཇུས་འགོད་བཅས་བྱས་ནས་གཙོ་གནད་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཐོན་ལས་གསུམ་པའི་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་དེང་རབས་འབྲོག་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། རིག་གནས་ཡུལ་སྐོར་ཐོན་ལས་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཏན་ཏིག་སྤེལ་ནས་ཕྱིར་གཏོང་ནང་འདྲེན་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། དམངས་འཚོའི་བྱ་བ་དངོས་13ཡག་པོ་སྒྲུབ་པ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེར་བ་བྱེད་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།