དབུ་ཤོག>གསར་འགྱུར།
  • ​སྣེའུ་ཁུལ་གསར་གྱི་ཐུན་མིན་རྣམ་པར་མྱོང་རོལ་བྱེད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-29

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྣེའུ་ཁུལ་གསར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་འཛུགས་པ་དང་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གོ་སྐབས་སུ་བརྩིས་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མཛེས་སྡུག་དང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། གྲོང་ཁྱེར་སྔོ་ལྗང་ཅན་དུ་འགྱུར་ཚད་ཆེ་རུ་གཏོང་བ། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་པར་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    ཐོན་ལས་ཁྱད་དུ་འཕགས། མང་ཚོཌ་ཕྱུག་པོར་གྱུར།

    རླངས་འཁོར་བསྡད་ནས་སྣེའུ་ཟམ་ཆེན་བརྒྱུད་གནམ་ཐང་མྱུར་བགྲོད་གཞུང་ལམ་དུ་སྐར་མ་ཁ་ཤས་བསྐྱོད་རྗེས། གྲོང་གསེབ་ཀྱི་ལམ་ཆུང་ངུ་ཞིག་བརྒྱུད་མཐར་སྣེའུ་ཡི་བདེ་ཡངས་གྲོང་ཚོའི་འབྲས་ཤིང་དཔལ་འབྱོར་གླིང་དུ་འབྱོར་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བདེ་ཡངས་གྲོང་ཚོའི་འབྲས་ཤིང་དཔལ་འབྱོར་གླིང་ནི་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་གྱི་རིམ་པ་དེ་གའི་ནོར་སྲིད་མ་དངུལ་བཏང་བའི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཤིག་ཡིན་པ་དེར་ཁྱོན་མ་དངུལ་སྒོར་ཁྲི་1550བཏང་ནས་2017ལོའི་ཟླ་དང་པོར་དངོས་སུ་ལས་འགོ་ཚུགས་པ་རེད། ཐོན་ལས་རྣམ་གྲངས་དེར་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་སྤྱད་པ་དང་ནང་ས་ནས་འབྲས་ཤིང་གི་སྡོང་ཕྲུག་ནང་འདྲེན་བྱས་ཏེ་ཕྱི་རོལ་དུ་འདེབས་འཛུགས་བྱས་ཤིང་། ཁམ་བུ་དང་། ཀུ་ཤུ། སེའུ། ལི། སྐྱུ་རུ། རྒུན་འབྲུམ་སོགས་ཡོད་པས་མིག་སྔར་མུའུ་སྟོང་ཟིན་པའི་འབྲས་ཤིང་གླིང་ཁ་ཞིག་ཏུ་གྱུར་ཡོད།

    འདེབས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཆེད་བསྐོས་མི་སྣས་སྲུང་སྐྱོང་དོ་དམ་བྱས་པས་སྤྱི་གནོད་དང་སྦགས་བཙོག་མེད་པའི་ཤིང་འབྲས་ཤིག་རེད། བདེ་ཡངས་གྲོང་ཚོའི་འབྲས་ཤིང་དཔལ་འབྱོར་གླིང་དུ་ད་དུང་འདེབས་འཛུགས་ལག་རྩལ་མི་སྣ་རྩེ་གྲ་ཁག་གཅིག་གསོ་སྦྱོང་བྱས་པ་དེ་དག་ཚང་མ་ས་གནས་དེ་གའི་གྲོང་མི་ཡིན་པ་རེད། དུས་རྒྱུན་ཆུ་རྒྱག་པ་དང་། ལུད་རྒྱག་པ། གནོད་འབུ་གསོད་པ། ཡལ་བཞུར་རྒྱག་པ་སོགས་ཀྱི་ཞིང་ནང་བདག་སྐྱོང་ལས་ས་གནས་དེ་གའི་མང་ཚོགས་75ལས་ཞུགས་བརྟན་པོ་ཐུབ་ཡོད་པ་རེད། མིག་སྔའི་བར་བདེ་ཡངས་གྲོང་ཚོས་བསྡོམས་ས་རྒོད་མུའུ་1000ལ་འབྲས་ཤིང་འདེབས་འཛུགས་བྱས་ཏེ་བདེ་ཡངས་གྲོང་ཚོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ལེགས་སྐྱེས་གསར་པ་ཕུལ་ནས་མང་ཚོགས་རྣམས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་དང་ཐག་ཉེ་སར་འབབ་འཕར་བརྟན་པོ་བྱུང་ནས་སྣེའུ་ཡི་བདེ་ཡངས་གྲོང་ཚོའི་མང་ཚོགས་ལ་ཡོང་འབབ་གསོག་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།

    སྔོ་ལྗང་སྟུག་པོས་རྒྱན། ཁོར་ཡུག་སྔར་བས་མཛེས།

    འབྲས་ཤིང་ལྡུམ་རར་སྐོར་རྗེས་གསར་འགོད་པ་རླངས་འཁོར་ལ་བསྡད་ནས་མེ་ཡོན་སྤྱི་གླིང་དུ་བསྐྱོད། དམངས་ཕན་གཞུང་ལམ་དང་མཛེས་ལྗོངས་ལམ་ཆེན་གྱི་འབྲེལ་མཚམས་སུ་གནས་པའི་མེ་ཡོན་སྤྱི་གླིང་གི་ས་བཟུང་རྒྱ་ཁྱོན་ལ་མུའུ་30ཙམ་ཡོད་པ་དང་མ་དངུལ་སྒོར་ཁྲི་2200ལྷག་ཙམ་བཏང་ཡོད། འཛུགས་སྐྲུན་གཙོ་བོར་སྔོ་འགྱུར་དང་། རྐང་ལམ། རྐང་རྩེད་སྤོ་ལོའི་ཐང་། ལན་ཆིའུ་སྤོ་ལོའི་ཐང་། ཕིང་ཕང་སྤོ་ལོའི་ཐང་། བྱིས་པའི་རོལ་རྩེད་ཁང་སོགས་ཡོད་པ་རེད། སྔོ་ལྗང་གིས་བརྒྱན་པའི་མེ་ཡོན་སྤྱི་གླིང་དེ་ཐོག་བརྩེགས་ཁང་ཆེན་མང་པོའི་ཁུལ་གསར་དུ་བྱེ་ཐང་གི་སྔོ་ལྗང་མཛེས་ལྗོངས་བཞིན་འཁྲུག་ཆ་དོད་པའི་གྲོང་ཁུལ་དུ་གནས་པའི་མི་རྣམས་ལ་སྐྱེད་ཚལ་གྱི་མཛེས་ལྗོངས་བསྐྲུན་པས་ཁྱིམ་གྱི་སྒོ་འགྲམ་གྱི་སྤྱི་གླིང་དངོས་ཤིག་ཏུ་གྱུར་ཡོད།

    བུ་མོ་འཁྲིད་ནས་མེ་ཡོན་སྤྱི་གླིང་དུ་འཆམ་འཆམ་བྱེད་བཞིན་པའི་ཧོང་ཆེ་གེ་མོ་བཟའ་ཚོ་གཉིས་ཀྱིས་གསར་འགོད་པར་ཁོང་གཉིས་སྣེའུ་ཁུལ་གསར་དུ་སླེབས་ནས་ལོ་བརྒྱད་ཕྱིན་སོང་། དེ་གའི་འགྱུར་ལྡོག་ནི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུ་ཞིག་རེད། “ཉེ་བའི་ལོ་ཤས་རིང་། སྤྱི་གླིང་སྣ་ཚོགས་འཛུགས་སྐྲུན་དང་གྲོང་ཁྱེར་སྔོ་འགྱུར་རིམ་སྤོར་སོགས་ཀྱི་རྣམ་གྲངས་བསྐྲུན་ནས་སྣེའུ་ཁུལ་གསར་ལས་གྲོང་ཁྱེར་གྱི་ནགས་ཚལ་དུ་འཚོ་བ་སྐྱེལ་བ་ལྟ་བུའི་ཚོར་སྣང་འདུག”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། སྣེའུ་ཁུལ་གསར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་བསྐངས་ཡོད།

    ལས་གཉེར་ཡུལ་སྐོར་བཟང་། མཛེས་པའི་གྲོང་གསེབ་བཏོད།

    སྤྱི་གླིང་དུ་སྤྲོ་གསེང་གཏོང་བར་འགྲོ་བ་ཕུད། གླིང་ཁ་གཏོང་རྒྱུ་དེའང་བོད་མི་དམངས་ཀྱི་སྤྲོ་གསེང་གཏོང་སྟངས་ཤིག་རེད། ལྷ་སའི་ཉེ་འཁོར་གྱི་གླིང་ཁ་མང་པོ་ཞིག་ནས་སྟག་གདོང་གྲོང་ཚོའི་སྙན་གྲགས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད།

    ཀྲུང་གོའི་ཕྱོགས་ཡོངས་འབྱོར་འབྲིང་གི་གླེང་སྟེགས་སྐབས་བཅོ་ལྔ་པའི་ཐོག་སྟག་གདོང་གྲོང་ཚོར“ཀྲུང་གོའི་ཕྱོགས་ཡོངས་ནས་འབྱོར་འབྲིང་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོའི”མཚན་སྙན་ཐོབ་ནས་བོད་རང་སྐྱོང་ལྗོངས་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་གྲོང་ཚོ་འབའ་ཞིག་ལ་གྱུར་ཡོད། ད་ཆ་སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོ་དེ་ཉིད་ལྷ་ས་གྲོང་ཁྱེར་གྱི“མཉམ་འདྲེས་རྣམ་པའི་ཡུལ་སྐོར་གྲོང་གསེབ”དང་པོར་གྱུར་ནས། “ཀྲུང་གོའི་གྲོང་ཚོ་མཛེས་ཤོས”དང་། “ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ·ལོ་རྒྱུས་ལྡན་པའི་གནའ་བོའི་གྲོང་ཚོ”“རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་གྲོང་ཚོ”“ཀྲུང་གོའི་གྲོང་གསེབ་ཡུལ་སྐོར་མངོན་འགྱུར་པའི་དཔེ་སྟོན་རྟེན་གཞི”“རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་གཉིས་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད།

    སྟག་གདོང་གྲོང་ཚོར་སྐྱོད་སྐབས་འགྲོ་ལམ་ཡངས་ལ་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པ་དང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་230ཡི་མང་ཚོགས་833གྱི་ངོ་གདོང་ལས་བདེ་སྐྱིད་ཀྱི་རྣམ་པ་མངོན། འདི་གར་གྲོང་གསེབ་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་པའི་གྲོང་གསེབ་ཀྱི་ཨར་ཁང་དང་མཚོ་འགྲམ་གྱི་ཇ་ཁང་ཡོད་པ་མ་ཟད། ད་དུང་སྟག་གདོང་གྲོང་ཚོའི་སྔར་ཡོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ལེགས་དང་ཟུང་འབྲེལ་བྱས་ནས་བསྐྲུན་པའི་གླིང་ཁ་ཡང་འདུག རྒྱབ་ཏུ་རི་དང་མདུན་ལ་ཆུ་ཡོད་པའི་གླིང་ཁ་དང་སྤྲོ་གསེང་གཏོང་ཁུལ་དུ་ས་ཆ་གཞན་གྱི་ཡུལ་སྐོར་བ་ཡིན་ནའང་འདྲ་ཡང་ན་ས་གནས་དེ་གའི་གྲོང་མི་ཡིན་ནའང་འདྲ་ཚང་མས་ནང་མིའམ་གྲོགས་པོ་འཁྲིད་ནས་གསོ་རླུང་སོས་པ་བརྔུབས་ཏེ་བག་ཕེབས་ངང་ཟ་མ་ཟ་བ་དང་། སྲེག་ཟས་བསྲེག་པ། ཆུར་རོལ་བ། རི་འཛེག་པ་སོགས་ཅི་དགར་རོལ་གྱི་ཡོད།

    1205521_yis_1635436800000_s.jpg

    འདི་ནི་ཆུ་མིག་སྤྱི་གླིང་།

    1205513_yis_1635436800000_s.jpg

    འདི་ནི་ནགས་ཁྲོད་ཁང་ཆུང་།

    1205527_yis_1635436800000_s.jpg

    འདི་ནི་ར་མོ་སྒང་སྤྱི་གླིང་དུ་གྲོང་མིས་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།

    1205524_yis_1635436800000_s.jpg

    འདི་ནི་གྲོང་གསེབ་ཀྱི་ཨར་ཁང་།

    1205519_yis_1635436800000_s.jpg

    འདི་ནི་ཀྲུང་ཧྭ་སྤྱི་གླིང་ནང་གི་འཇིམ་བརྙན།

    1205515_yis_1635436800000_s.jpg

    འདི་ནི་ཡུལ་སྐོར་བས་བདེ་ཡངས་གྲོང་ཚོའི་འབྲས་ཤིང་དཔལ་འབྱོར་གླིང་ཁར་ཁམ་བུ་འཐོག་བཞིན་པ།

    1205517_yis_1635436800000_s.jpg

    འདི་ནི་ཀྲུང་ཧྭ་སྤྱི་གླིང་གི་ཟུར་ཞིག 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།