དབུ་ཤོག>གསར་འགྱུར།
  • ​དུས་རབས་གསར་པའི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

  • ཡོང་ཁུངས།  བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།   |     སྤེལ་དུས།  2021-10-28

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བྱས་ཏེ་མི་རིགས་ཁག་གིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་ཡོད། ང་ཚོས་རང་རྟོགས་ཀྱི་སྒོ་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་། གལ་ཆེན་རང་བཞིན། དོན་དངོས་ཀྱི་དམིགས་འཛུགས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། ས་མཐོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ནམ་ཡང་བཞད་ཐུབ་པ་བྱེད་དགོས། 

    མི་རིགས་ལས་དོན་ལེགས་པོ་བསྒྲུབ་ཐུབ་མིན་གྱི་རྩ་བ་ནི་ཏང་གི་འགོ་ཁྲིད་སྲ་བརྟན་ནུས་ལྡན་ཡིན་མིན་ལ་རག་ལས་ཡོད་ཅིང་། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་ཨང་དང་པོ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་ཟབ་ཏུ་གཏོང་རྒྱུ་དེ་རེད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོ་བ་ཟབ་མོ་ལེན་རྒྱུ་ནི་མི་རིགས་ལས་དོན་ལེགས་སྒྲུབ་ཡོང་བའི་རྩ་བའི་འགན་ལེན་ཡིན་ལ། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་རྩ་བའི་འགན་ལེན་ཡང་ཡིན་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བརྟན་པོ་བྱས་ཚེ་ཆབ་སྲིད་ཀྱི་སྟོབས་ཤུགས་གང་ཞིག་གིས་ཀྱང་རང་རེའི་མི་རིགས་ཀྱི་འབྲེལ་བར་དཀྲུག་ཤིང་བརྒྱབ་མི་ཐུབ་པ་དང་། རང་རེའི་མི་རིགས་མཐུན་སྒྲིལ་དང་གཅིག་གྱུར་དེ་ཆབ་སྲིད་ཐོག་འགན་ལེན་གང་ལེགས་བྱེད་ཐུབ། རིམ་ཁག་ཏང་ཨུད་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་དེ་མི་རིགས་ཀྱི་ལས་དོན་ལེགས་པོ་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཕྱོགས་གང་ཅིའི་ཐད་ནས་མཚོན་པར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཐོག་བསྐྱོད་དེ་བྱེད་པོའི་འགན་འཁྲི་ནན་ཏན་ངང་བསྒྲུབ་ནས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ཚན་པས་སྣེ་ཁྲིད་ནས་མཐུན་སྦྱོར་བྱེད་པ། མི་རིགས་ལས་དོན་ཚན་པས་འགན་འཁྲི་ཡག་པོ་འཁུར་བ། ཚན་པ་ཁག་མཉམ་ལས་བྱེད་པ། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟབ་རྒྱས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་དམངས་ལ་དམིགས་བསལ་གྱི་གཅེས་སེམས་བཅངས་པའི་རང་རྟོགས་དེ་སྤྱི་ཁྱབ་ཧྲུའུ་ཅིར་བློ་དཀར་སེམས་དཀར་བྱེད་པ་ཞིག་ཏུ་འགྱུར་རྒྱུར་ཁྲིད་སྟོན་བྱས་ནས“སྲུང་སྐྱོང་གཉིས”དངོས་སུ་ཤུགས་ཆེར་བཏང་སྟེ་ཏང་གི་བཀའ་ལ་མཐའ་གཅིག་ཏུ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བའི་ཆབ་སྲིད་ཀྱི་རང་འགུལ་རང་བཞིན་དང་། བསམ་བློའི་རང་འགུལ་རང་བཞིན། བྱ་སྤྱོད་ཀྱི་རང་འགུལ་རང་བཞིན་བཅས་ཐུབ་པ་བྱེད་དགོས།

    དུས་རབས་གསར་པའི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པར་ངེས་པར་དུ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་སྤྱི་འདོམས་སུ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་ནས། ཀྲུང་ཧྭའི་རིག་གནས་དེ་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་བརྟེན་ས་དང་། སེམས་ཁམས་ཀྱི་བརྟེན་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་ཐུབ་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དང་དེ་བཞིན་བོད་ཀྱི་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ལ་བོད་ཀྱི་མི་རིགས་ཁག་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོ་དང་ཁྲག་རྒྱུན་མཉམ་འདྲེས་ཡིན་ལ་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་གཏིང་ཟབ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ། མར་ཁེ་སིའི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི“ངོས་འཛིན་ལྔ”ཟམ་མི་ཆད་པར་ཤུགས་ཆེར་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱི་སྙིང་སྟོབས་དེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ཀྱི་ཐོག་གཅིག་སྡུད་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཐོག་གཅིག་སྡུད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐོག་གཅིག་སྡུད་བཅས་བྱེད་དགོས། (བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། དབྱངས་ལགས)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།