དབུ་ཤོག>གསར་འགྱུར།
  • དྲ་རྒྱ་བདེ་འཇགས་ཡོང་བ་བྱ་རྒྱུ་ནི་མི་ཚང་མའི་འགན་འཁྲི་ཡིན།

  • ཡོང་ཁུངས།  བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།   |     སྤེལ་དུས།  2021-10-28

    “དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་དང་། དྲ་རྒྱའི་བདེ་འཇགས་དགོས་ན་མི་དམངས་ལ་བརྟེན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2021ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དེ་ཉེ་དུས་གཉེར་ཞིང་། ད་ཐེངས་ཀྱི་བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་པ་དང་། དམིགས་སའི་རང་བཞིན་ཆེ་བ། ཁྱབ་ཁྱོན་ཆེ་བ་བཅས་ཡིན་པས་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད།

    རྩིས་འཁོར་ལག་རྩལ་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་བསྟུན་ཏེ་དྲ་རྒྱའང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་ཁྱབ་པ་དང་།མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་འགན་སྲུང་ཡིན་པས། དྲ་རྒྱའི་བདེ་འཇགས་ནི་ང་ཚོ་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད། འོན་ཀྱང་དྲ་རྒྱ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དེང་སྐབས་སུ། གྲངས་གཞི་ཆེ་མོ་དང་། མི་ཐབས་རིག་ནུས་སོགས་གྲངས་གཞིའི་ལག་རྩལ་གྱིས་ང་ཚོར་སྟབས་བདེ་དང་རིག་ནུས་ཅན་གྱི་འཚོ་བ་སྐྲུན་བཞིན་ཡོད་པ་དང་ཆབས་གཅིག   དྲ་ཐོག་ཁྲིམས་འགལ་བ་རེ་འགས་མི་སྒེར་གྱི་ཆ་འཕྲིན་རྐུ་རྒྱག་པ་སོགས་དྲ་རྒྱའི་བདེ་འཇགས་ཀྱི་དོན་རྐྱེན་ཡང་ཡང་བཟོས་ནས་མི་སྒེར་དང་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པར་བརྟེན་དྲ་རྒྱའི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་གཏོང་བར་ངེས་པར་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་དྲ་རྒྱའི་བདེ་འཇགས་དེ་དོན་ཆེན་ཨང་དང་པོར་བརྩིས་ཏེ་ལས་དན་བསྒྲུབ་དགོས།

    “དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་དང་། དྲ་རྒྱའི་བདེ་འཇགས་དགོས་ན་མི་དམངས་ལ་བརྟེན་དགོས”ཞེས་པའི་བརྗོད་བྱ་གཙོ་བོ་ལས་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་ཁྲོད་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་དབང་ཨང་དང་པོར་འཇོག་དགོས་ལ་མི་དམངས་ལ་བརྟེན་ནས་མཉམ་སྤྱོད་དང་ཐུན་མོང་ཐོག་བཅོས་སྐྱོང་བྱེད་དགོས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མངོན་ཡོད། དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པས། མི་རྩ་བར་འཛིན་པའི་འདུ་ཤེས་ལག་ལེན་བསྟར་བ་མ་ཟད་མིའི་ཁེ་ཕན་དང་དགོས་མཁོ་དེ་གནས་བབ་གལ་ཆེན་ཐོག་བཞག་ཡོད་ཅིང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་འགན་ལེན་དང་དྲ་དམངས་ཚང་མའི་སྒེར་གྱི་ཁེ་དབང་ལ་སྲུང་སྐྱོང་བྱས་ནས་སྤྱི་དམངས་ལ་དེ་བས་སྟབས་བདེ་དང་། རིག་ནུས། བདེ་འཇགས་བཅས་ཀྱི་དྲ་རྒྱའི་ཆ་འཕྲིན་འཚོ་བ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད།

    དྲ་རྒྱའི་བདེ་འཇགས་དགོས་ན་མི་དམངས་ལ་བརྟེན་དགོས་ཞེས་པའི་ཡིག་འབྲུ་དེ་དག་ལས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱེད་པར་སྤྱི་ཚོགས་ཡོངས་ཀྱི་མི་ཚང་མས་ཐུན་མོང་ཐོག་ཞུགས་པ་དང་འབད་བརྩོན་བྱེད་དགོས་པ་དེ་ནན་བཤད་བྱས་ཡོད། དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བཟོ་དགོས་ཚེ། རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཀྱི་རྩ་འཛུགས་ཕུད། ད་དུང་མང་ཚོགས་ཧུར་ཐག་ངང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། ཡ་རབས་ཚུལ་ལྡན་གྱིས་དྲ་བར་འཇུག་པ་དང་། དྲ་བའི་བདེ་འཇགས་ཀྱི་སྒྲིག་ལམ་བརྩི་སྲུང་། བདེ་འཇགས་ཀྱི་མཐའ་ཚད་ལེགས་པོ་སྲུང་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། ཐུན་མོང་ཐོག་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་གལ་ཆེའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། དེ་བཞིན་དྲ་ཐོག་གི་ནོར་འཁྲུལ་བྱེད་སྤྱོད་ཐད་འབྲེལ་ཡོད་སྡེ་ཚན་གྱིས་བཅོས་སྒྲིག་དང་ཆད་གཅོད་བསླབ་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་འགུལ་ངང་དྲ་རྒྱའི་བདེ་འཇགས་ལ་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དྲ་རྒྱའི་བདེ་འཇགས་མེད་ན་རྒྱལ་ཁབ་ཀྱི་བདེ་འཇགས་མེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཁོར་སྐྱོད་མི་ཐུབ་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཡང་འགན་ལེན་བྱེད་དཀའ”ཞེས་གསུངས་གནང་ཡོད། དྲ་རྒྱའི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། སྤྱི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་བཅས་དང་འབྲེལ་བ་ཡོད་པས། ང་ཚོ་ཚང་མས་ཉམས་ལེན་འབད་སྒྲུབ་བྱས་ནས་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་དང་། གཞན་ཡང་རྒྱ་ཆེའི་དྲ་རྒྱའི་བདེ་འཇགས་ཁེ་ལས་ཀྱིས“མ་བྱུང་སྔོན་འགོག”གི་བདེ་འཇགས་འདུ་ཤེས་བརྟན་པོ་བཙུགས་ནས་དྲ་རྒྱའི་བདེ་འཇགས་ཀྱི་འགུལ་རྣམ་འཕེལ་ཕྱོགས་ཀྱི་རྗེས་སུ་དམ་པོར་བསྙེགས་ཏེ་ལག་རྩལ་གསར་སྒྱུར་དང་མཉེན་ཆས་གསར་སྤེལ་སོགས་ཀྱི་རྣམ་པའི་ཐོག་ནས་དྲ་རྒྱའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་སྐྱོན་ཆ་སེལ་དགོས། མདོར་ན་དྲ་རྒྱའི་བདེ་འཇགས་ཀྱི་ས་གཙང་ལ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱས་ཏེ་དྲ་རྒྱས་མིའི་རིགས་ཀྱི་རང་ངོས་འཕེལ་རྒྱས་ལ་སྔར་བས་བདེ་སྐྱིད་བསྐྲུན་ཐུབ་པ་བྱེད་དགོས།(བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།སྤེན་པ་བདེ་སྐྱིད)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།