དབུ་ཤོག>གསར་འགྱུར།
  • ​ཀྲུང་གོ་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པའི་ལས་དོན་གྱི་དངོས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-10-27

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་རྩ་བའི་འགན་ལེན་ཞིག་རེད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས”ཞེས་གསུངས་པ་རེད། བོད་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་པ་དང་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་རེད།

    ཀྲུང་གོ་བཟོ་ཚོང་དངུལ་ཁང(གཤམ་དུ“བཟོ་ཚོང་དངུལ་ཁང”ཞེས་བསྡུ་རྒྱུ)བོད་ལྗོངས་ཡན་ལག་དངུལ་ཁང་2008ལོའི་ཟླ་10ཚེས་20ཉིན་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ་མཐའ་མཚམས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཐོག་ནས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་སྣང་ཆེན་བྱས་ཏེ་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་། ལྗང་མདོག་ཡིད་རྟོན་དངུལ་བུན། ཀུན་ཕན་དངུལ་རྩ། གཙོ་གནད་ཁྱབ་ཁོངས་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བཟོ་ཚོང་དངུལ་ཁང་གི་ལས་མི་དང་སློབ་ཆེན་ཐོན་མ་ཐག་པའི་ན་གཞོན་ཚང་མས་རེ་སྨོན་དང་ཕུགས་འདུན་བཅངས་ནས་ལོ་ནས་ལོ་བསྟུད་དེ་མདུན་སྐྱོད་བྱས་ནས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་ཤིག་བརྩམས་ཡོད།

    རིག་གནས་སྐྱེད་སྲིང་བྱས། སེམས་ནུས་གཅིག་ཏུ་བསྒྲིལ།

    ཁེ་ལས་ཀྱི་རིག་གནས་ནི་ཁེ་ལས་དེའི་བླ་སྲོག་ལྟ་བུ་ཡིན་ལ། མི་རིཌ་མཐུན་སྒྲིལ་བྱ་གཞག་ལ་སྐུལ་འདེད་གཏོང་བའི་འཛད་མེད་སྒུལ་ཤུགས་དེ་བས་ཀྱང་ཡིན། བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་མི་ནི་ཕྱོཌ་བཞི་མཚམས་བརྒྱད་ནས་ཡོང་བ་དང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཡན་ལག་དངུལ་ཁང་ཁག་དང་བཟོ་ཚོང་དངུལ་ཁང་གི་སྤྱི་ཁྱབ་དངུལ་ཁང་ནས་དྲ་ཚིགས་བར་གྱི་རིམ་པ་ཚང་མར་ཁྱབ་ཡོད་པས། ལས་ཀའི་ཉམས་མྱོང་དང་། འཚོ་བའི་གོམས་གཤིས། ཉམས་འགྱུར་དང་རང་གཤིས་བཅས་ཀྱི་ཁྱད་པར་ཆེ་ཙམ་ཡོད་པ་མ་ཟད། འཁོར་རྒྱུག་རང་བཞིན་ཡང་ཆེ་ཙམ་ལྡན་ཡོད། ལས་བཟོ་ཚོས་ས་མཐོའི་གནམ་གཤིས་ལ་ཁ་གཏད་གཅོག་དགོས་པ་མ་ཟད། ད་དུང་མི་མི་ཉུང་བ་ཞིག་ཕ་ཡུལ་ནས་བྲལ་ཏེ་རང་ཉིད་གཅིག་པུར་འཚོ་བ་སྐྱེལ་དགོས་པས“དམིགས་བསལ”གྱི་དཔུང་ཁག་དེ་འདྲ་ཞིག་ལ་སྣེ་ཁྲིད་ཇི་ལྟར་བྱ་རྒྱུ་དེ་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་དོ་ཁུར་ཆེ་ཤོས་བྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།

    ལོ་བཅུ་ལྷག་ཙམ་རིང་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྤྱི་ཁྱབ་དངུལ་ཁང་གི་ཁེ་ལས་ཀྱི་རིག་གནས་སྙིང་སྟོབས་ཚད་གཞིར་བཟུང་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་སྙིང་བཅུད་བསྡུ་ལེན་དང་དམིགས་བསལ་གྱི་ལྗོངས་བབ་དང་དངུལ་ཁང་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། རིག་གནས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཁེ་ལས་རིག་གནས་ཀྱི་ཁྲིད་སྟོན་དང་། གཅིག་སྡུད། ལྕག་སྐུལ། གཅུན་འདོམས་བཅས་ཀྱི་ནུས་པ་བཏོན་ཡོད། ལས་བཟོར་ལྟ་རྟོགས་ཡག་པོ་བྱས་ཤིང་། བོད་ཀྱི་ལོ་གསར་སོགས་དུས་ཆེན་འཆར་རིམ་བཞིན་དངུལ་ཁང་དེས་ས་གནས་དེ་གའི་ལས་མིར་དུས་ཆེན་གྱི་སྨོན་འདུན་ཞུ་བ་དང་ལོ་ལྟར་འགོ་ཁྲིད་ཀྱིས་གཞུང་དོན་སྒྲུབ་པར་འགྲོ་བ་སོགས་ཀྱི་གོ་སྐབས་སྤྱད་དེ་དུས་ཚོད་དམ་འཛིན་གྱིས་བོད་སྐྱོར་ལས་མིའི་ཁྱིམ་དུ་བསྐྱོད་དེ་འཚམས་འདྲི་བྱེད་ཀྱི་ཡོད། ཟས་གོས་འགྲོ་སྡོད་ཐད་སེམས་ཁུར་བྱས་ཤིང་། སྤྱི་ཁྱབ་དངུལ་ཁང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལས་མིའི་བོགས་གཏོང་ཁང་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་ལས་མིར་ལས་ཤག་གསར་པ་ཉོས་ཡོད། བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་པར་རྒྱག་དང་། དཔེ་ཀློག རྐང་ཐང་མར་སྐྱོད་པ། གློག་བརྙན་དང་། བརྙན་འཕྲིན། རོལ་དབྱངས་སོགས་ཀྱི་དགའ་མོས་ཚོགས་ཆུང་བཙུགས་པ་མ་ཟད། ད་དུང་སློབ་སྦྱོང་དང་། ལུས་སྦྱོང་། གློག་བརྙན་ལྟ་བ་དང་རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི“ལས་བཟོའི་ཁྱིམ་གཞིས”ཀྱང་བསྐྲུན་ནས་ལས་བཟོའི་ལས་ཞོར་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་ལས་བཟོའི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་ཡོད།

    ཞབས་ཞུ་གཙོ་བོར་བྱས། ལས་འགན་ཕྲག་ཏུ་འཁུར།

    བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་བཙུགས་པ་ནས་བཟུང་། སྔ་རྗེས་སུ་རང་སྐྱོང་ལྗོངས་ཀྱི“ཤེས་དཔལ་ཚན་པ”དང་། “དངུལ་རྩའི་ལས་དོན་གྱི་སྔོན་ཐོན་ཚན་པ”“མང་ཚོགས་ཚོའི་བློ་ཡིད་ཚིམ་པའི་ཚན་པ”བཅས་དང་དེ་བཞིན་རྨང་བརྟན་དམངས་ཕན་གྱི་གྲོང་སྡོད་ལས་དོན་གྱི“ཕུལ་བྱུང་སྒྲིག་འཛུགས་ཚན་པ”དང་སྐབས་ལྔ་པའི“རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

    “བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་དམ་པོར་དམིགས་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དངུལ་རྩའི་ཞབས་ཞུའི་འགན་སྲུང་ལས་དོན་ལ་སྤྱི་འདོམས་དང་སྐུལ་འདེད་གཏོང་བ་དང་། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་དང་རང་འཁྲིའི་ཡོང་ཁུངས་བརྟན་སྲུང་བྱེད་པ། རྒྱུག་འབོར་ཆེན་པོ་དང་སྤྱོད་ཚད་མང་བའི་འཕེལ་ཕྱོགས་གཉིས་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས། ཞབས་འདེགས་ཞུ་སྟངས་ལེགས་སུ་དང་ཡིད་རྟོན་དངུལ་བུན་གྱི་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། མིག་སྔར་རིམ་རྩིས་བྱས་ན་རིགས་ཁག་གི་དངུལ་བུན་སྒོར་དུང་ཕྱུར་210མཉམ་བསྡུ་བྱས་པ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་312ཟིན་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་དང་དམངས་འཚོའི་དངུལ་རྩའི་ཞབས་ཞུར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། དམངས་ཕན་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱས་པ། སྤྱི་ཚོགས་འགན་སྲུང་གཱ་ཡི་ལས་སྒོ་ནི་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི“དམངས་འཚོའི་འདུ་འགོད”གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཆེད་དོན་ཞབས་ཞུའི་ཚོགས་པ་དང་། སྒོ་རྩར་བསྐྱོད་ནས་ཞབས་ཞུ། སྤྱི་ཚོགས་འགན་སྲུང་གཱ་སྤྲད་པ་བཅས་ཀྱི་རང་འདེམས་གཞི་གཅིག་འཕྲུལ་འཁོར་བཙུགས་ནས། ལྗོངས་ཕྱིར་བཅའ་སྡོད་བྱེད་མཁན་བོད་ཀྱི་ལས་བྱེད་པ་དང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ། དམག་ཞབས་ཐིམ་པའི་དམག་མི་བཅས་ལ་གཞི་གཅིག་ཅན་གྱི་སྤྱི་ཚོགས་འགན་སྲུང་གཱ་ཡི་ཞབས་ཞུ་བསྒྲུབས་ཡོད། སྤྱི་ཚོགས་འགན་སྲུང་གཱ་ཁྲི་4.6སྤྲད་པའི་ཁྲོད་ལྗོངས་ཕྱིར་གཱ་ཁྲི་2.3སྤྲད་ཡོད་པ་རེད།

    ས་མཐོར་བརྩེ་སེམས་བཅངས་། དབུལ་སྐྱོར་ལས་ལ་གཞོལ། 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་དེང་རབས་ཅན་མེད་ན་རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་དེང་རབས་ཅན་ཡོང་མི་སྲིད” ཅེས་གསུངས་པ་རེད། དངུལ་ཁང་བཙུགས་ཚུན། བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དབུལ་སྐྱོར་ལས་དོན་ལ་རམ་འདེགས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་འདེགས་སྐྱོར་བྱ་གཞིར་བརྩིས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་ཀྱིས་བཅའ་སྡོད་བྱ་ཡུལ་གྱི་དབུལ་སྐྱོར་ནང་ཧུར་ཐག་ཞུགས་ཏེ་དངུལ་རྩའི་རྒྱབ་སྐྱོར་དང་གནད་སྨིན་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་དངུལ་རྩའི་དབུལ་སྐྱོར་ལམ་བུ་འདིང་རྒྱུར་གཞོལ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

    སན་བུ་གྲོང་ཚོ་ནི་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་དགེ་རྒྱས་གྲོང་རྡལ་དུ་གནས་པ་དང་གྲོང་ཚོ་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་ཞིང་། འབྲོག་ལས་རྐྱང་པའི་སྲིད་འཛིན་གྲོང་ཚོ་ཡིན་པ་དང་། དབུལ་པོ་མང་བ། གྲོང་མིར་སློབ་གསོ་ཐོབ་ཚད་དམའ་བ་བཅས་ལས་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་རེད། 2013ལོར་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གྲོང་ཚོར་བཅའ་སྡོད་བྱས་ཚུན་གྱི་ལོ་དང་པོར་གྲོང་ཚོའི་འགྲོ་ལམ་རྒྱ་ཆེར་བཏང་བ་དང་། ལོ་གཉིས་པར་ས་ཞིང་བཅོས་སྒྲིག་རྣམ་གྲངས་ལེགས་སྒྲུབ་བྱས་པ། ལོ་གསུམ་པར་གྲོང་ཚོའི་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པར་གྱུར་པ། ལོ་བཞི་པར་དབུལ་སྐྱོར་ཐོན་ལས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་གྲོང་མིར་འབབ་འཕར་ཡོང་འགོ་ཚུགས་ཡོད། མ་དངུལ་དང་སེམས་ཤུགས་བཏོན་པ་དང“གཞན་རྟེན”དང“རང་རྟེན”ཟུང་འབྲེལ་བྱས་པ་དང་བསྟུན་ནས་སན་བུ་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མང་ཚོགས་ཀྱི་ཡོང་འབབ་ཉིན་རེ་བཞིན་མང་དུ་ཕྱིན་ནས་2019ལོར་གྲོང་ཚོ་ཡོངས་དབུལ་ཞྭ་འབུད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། 2019ལོའི་ལོ་མཇུག་ཏུ་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ད་དུང་གྲོང་ཚོར་བཅའ་སྡོད་བྱ་ཡུལ་ལ“དབུལ་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི”ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་ཁྲི་100ཞལ་འདེབས་བརྒྱབ་ནས་སན་བུ་གྲོང་ཚོའི་མཉམ་སྡེབ་ཐོན་ལས་འཕེལ་རྒྱས་ལ་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་བས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་མང་ཚོགས་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་པ་དང་བརྩེ་སེམས་ཟབ་མོར་བརྟེན་ནས་མང་ཚོགས་ཀྱི་ཁས་ལེན་ཐོབ་པར་བྱས་ཡོད།

    སྔར་ནས་བཟུང་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྤྱི་པའི་ཞབས་ཞུ་རིམ་སྤོར། ཐོན་ལས་དབུལ་སྐྱོར་སྐུལ་ཁྲིད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དབུལ་སྐྱོར་དངུལ་བུན་གྱི་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཡོད།

    མིག་སྔའི་བར་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩ་བརྒྱུད་དབུལ་པོར་སྣེ་ཁྲིད་དང་དེར་ཕན་པའི་འཇོན་ཐང་ཆེ་བ་དང་ཚོང་ལས་ཀྱི་རྒྱུན་མཐུད་ཆོག་པའི་དབུལ་སྐྱོར་ཐོན་ལས་དང་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ནས་མི་འབོར་དབུལ་པོ་ཁྲི་2.2ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཡོམ་འགོག་གེགས་སེལ་དང་། དབུལ་སྐྱོར་ཉེན་སྐྱོབ། སྤྱི་ཕན་ཞལ་འདེབས། བརྩེ་སེམས་མཚོན་པའི་འོས་འགན་སྨན་བཅོས་སོགས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ། དྭ་ཕྲུག་དང་། མི་ཧྲེང་རྒན་རྒོན། བྱིས་པ་དབང་པོ་སྐྱོན་ཅན་སོགས་ཉམས་ཞན་ཚོགས་སྤྱིར་རིམ་རྩིས་བྱས་ན་སྤྱི་ཕན་མ་དངུལ་སྒོར་ཁྲི་2000ཙམ་ཞལ་འདེབས་བརྒྱབ་ཡོད་པ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།