ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་དང་གྲོགས་པོ་བསུས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ལ་ལྟ། འཛམ་བུ་གླིང་གི་སྐུ་མགྲོན་གདན་དྲངས་ཏེ་མཉམ་དུ་འཕེལ་རྒྱས་ཀྱི་རོལ་དབྱངས་དཀྲོལ། ཟླ་10ཚེས་20ཉིན། “རྒྱང་སྐྱོད་ལམ་བུ་གསར་པའི་ཀྲུང་གོ བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ། གོང་འཕེལ་ཁྲོད་ཀྱི་རྣམ་པ་གསར་པ”ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་བྱེད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་ཞིང་། འཛམ་གླིང་ཡོངས་ཀྱིས་གངས་ལྗོངས་ས་མཐོར་ལྟ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་བརྗིད་ཆེའི་ལོ་རྒྱུས་ལམ་བུ་དང་རླབས་ཆེའི་གྲུབ་འབྲས་ལ་ལྟ་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་འོད་སྟོང་འཕྲོ་བའི་ལག་ལེན་མྱོང་རོལ་བཅས་བྱས་ཡོད། ལོ་ངོ་70ཡི་རིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་320ལྷག་ཙམ་འཕར་ཡོད།
ད་ཐེངས་ཀྱི་ངོ་སྤྲོད་བྱེད་སྒོ་ནི། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་། བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པས། འཛམ་གླིང་གིས་བོད་ལྗོངས་ཤེས་རྟོགས་དང་བོད་ལྗོངས་འདི་ཉིད་འཛམ་གླིང་དང་མཉམ་འདྲེས་བྱེད་པའི་གོ་སྐབས་ཀྱི་སྦྲེལ་ཟམ་སྔར་བས་བཙུགས་ནས། བོད་ཀྱིས་དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རམ་འདེགས་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྒུལ་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་ཐུབ་ངེས་རེད།
ང་ཚོས་འཛམ་གླིང་ལ་ཕྱོགས་ནས་ས་མཐོའི་ས་གཞི་ཆེན་པོར་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་མི་ཡུལ་གྱི་ངོ་མཚར་ངོམ་སྟོན་བཞིན་ཡོད། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། ལོ་ངོ་70ཡི་རིང་། རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་ཡང་རྩེར་ཟིལ་རླབས་དགུང་དུ་འཕྱུར་བ་དང་སྤོབས་པས་རི་ཀླུང་སྒུལ་ཐུབ་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འགོད་ཇུས་འདོན་གནང་བ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གསལ་སྟོན་གནང་བ་དང་། བོད་ཀྱིས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་སྒྲུབ་པར་ཁྲིད་སྟོན་གནང་ནས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་གནང་ཡོད། ད་ཆའི་བོད་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་དར་རྒྱས་གོང་འཕེལ་དང་། ཞི་མཐུན་བདེ་སྐྱིད། རིག་གནས་དར་རྒྱས། མི་རིགས་མཉམ་འདྲེས། འབྱོར་ཕྱུག་མཛེས་སྡུག་བཅས་བྱུང་ནས་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་ཀྱི་གྲས་སུ་གནས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་ཞིང་རླབས་ཆེ་བ་དང་རྒྱབ་ཕྱོགས་སུ་ཐབས་ཇུས་འདིང་བའི་ཡོན་ཏན་ཟབ་མོ་ཚོར་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ཟབ་མོ་ཚོར་བ། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་ཟབ་མོ་ཚོར་ཡོད།
ང་ཚོས་འཛམ་གླིང་ལ་ཕྱོགས་ནས་གདེང་ཚོད་ལྡན་པའི་ངང་སྒོ་དབྱེ་དང་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྟོན་བཞིན་ཡོད། བོད་ནི་ལོ་རྒྱུས་ཐོག་གི“ལྷོ་ཕྱོགས་དར་གོས་ཀྱི་ཚོང་ལམ”དང་། “ཐང་བོད་གནའ་ལམ” “ཇ་རྟའི་གནའ་ལམ”བཅས་སུ་ཞུགས་མཁན་གལ་ཆེན་ཞིག་ཡིན་ལ་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དབར་འགྲོ་འོང་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཀྱང་ཡིན། སྒྱུར་བཅོས་སྒོ་དབྱེའི་རླབས་ཆེའི་ལག་ལེན་དང་། རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་གསར་དུ་འགྲོ་བ། མཐའ་མཚམས་ཚོང་དོན་དར་རྒྱས་གོང་འཕེལ། ཕྱི་ཕྱོགས་མཉམ་ལས་སྤེལ་རེས་ཉིན་བཞིན་ཟབ་ཏུ་འགྲོ་བ་བཅས་ལས་བོད་ཀྱི་ས་བབ་ལེགས་ཆ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་བོད་ལ་དེ་བས་གལ་འགངས་ཆེ་བའི་འཐབ་ཇུས་གནས་བབ་སྤྲད་ནས་བོད་ཀྱིས་ཕྱི་ནང་དུ་སྒོ་མོ་འབྱེད་མགྱོགས་སུ་གཏོང་བར་བར་མཐོངས་ཡངས་པོ་ཞིག་མཁོ་འདོན་བྱས་ཡོད། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་དང་། ཧི་མ་ལ་ཡའི་མཐའ་སྐོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས། བོད་ལྗོངས་འགྲེམས་ཚོགས་བཅས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་ནས་ལྷ་སའི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་དང་། སྐྱིད་གྲོང་གི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ། ཀྲུང་ནེའི་མཛའ་གྲོགས་བཟོ་ལས་གླིང་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་བར་དང་། “ཁེ་ལས་བརྒྱ་རྒྱལ་ཁབ་ཕྱིར་བསྐྱོད་པའི”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ་ལྗོངས་ཡོངས་ཀྱི་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཚོ་འདུས་རྣམ་པའི་སྒོ་ནས“ཕྱིར་སྐྱོད”ལ་སྐུལ་ཁྲིད་བྱས་པ་ནས་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཉོ་ཚོང་ཞབས་ཞུའི་སྐར་ཁུང་འཐུས་སྒོ་ཚང་དུ་བཏང་བའི་བར་ལས་སྟེགས་སྣ་ཚོགས་གང་ལེགས་སྤྱད་ནས་ཕྱི་ཕྱོགས་ལ་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། འཛམ་གླིང་དང་མཉམ་དུ་སྐྱོད་པ་དང་དུས་རབས་དང་མཉམ་དུ་མདུན་སྐྱོད་བྱས་ནས་ཀྲུང་གོའི་བོད་ལྗོངས་ཀྱི་སྒོ་དབྱེ་འཕེལ་རྒྱས་ཐད་བརྗིད་ཉམས་ཆེ་ཞིང་རྒྱུན་མཐུད་པའི“ལག་བསྟར་བྱེད་མུས”ཤིག་མངོན་བཞིན་ཡོད་ལ་ས་བབ་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། སྲིད་ཇུས་ཀྱི་ལེགས་ཆ་བཅས་ལ་བརྟེན་ནས་དུས་རབས་གསར་པའི་འགྲན་སློང་དང་གོ་སྐབས་ཁྲོད་སྒུལ་ཤུགས་ཆེན་པོ་དང་རྣམ་པ་གསར་རྐྱང་ཞིག་མངོན་ངེས་རེད།
ང་ཚོས་འཛམ་གླིང་ལ་ཕྱོགས་ནས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་གཉིས་ཁེའི་མཉམ་ལས་གཉིས་ཕན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་བཞིན་ཡོད། ད་ཐེངས་ཀྱི་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་བྱེད་སྒོར་བོད་འདི་ཉིད་འཛམ་གླིང་ཡོངས་ཀྱི་མིག་ལམ་དུ་བཤམས་ནས་འཛམ་གླིང་གི་མི་དམངས་ཚོར་བོད་ཀྱི་འཕེལ་རྒྱས་དང་། ཞི་མཐུན། རིག་གནས། མཐུན་སྒྲིལ། སྐྱེ་ཁམས་བཅས་ཀྱི་དགེ་མཚན་ཉམས་ལེན་བྱེད་དུ་བཅུག་ནས་བོད་ཀྱི་གཟུགས་བརྙན་དང་བོད་ཀྱི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པར་བྱས་པ་དང་། “བོད་ཀྱི་སྤུས་རྟགས”དེ་བས་མང་བ་འཛམ་གླིང་ལ་ངོ་སྤྲོད་གཏིང་ཟབ་བྱས་ཏེ་བོད་དང་འཛམ་གླིང་དབར་མཉམ་ལས་སྤེལ་རེས་ཀྱི་སྦྲེལ་ཟམ་ཞིག་བཙུགས་ཡོད། མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པར་གོ་སྐབས་གསར་པ་མཉམ་སྤྱོད་བྱེད། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅངས་ནས་བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོགས་པོ་ཚོས་ཉམས་དགའ་བའི་ཡུལ་ལྗོངས་ལ་ལྟ་བ་དང་། མཛེས་ལྗོངས་ལ་ལྟ་རོལ། རིག་གནས་སྦྱོང་བ། ཞིམ་ཟས་མྱོང་རོལ། ཆུ་བཟང་འཐུང་བ། གྲོགས་པོ་སྒྲིག་པ། ཚོང་ལས་གོ་སྐབས་འཚོལ་བ་བཅས་བྱས་ནས་ང་ཚོ་དང་མཉམ་དུ་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་དང་གོང་འཕེལ་ཁྲོད་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།