དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སེམས་མཐུན་ཕུགས་འདུན་མཉམ་དུ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2021-10-22

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག བྲག་ཡིབ་ཆུས་ཀྱིས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”སྤྱིའི་དམིགས་ཚད་ལ་དམིགས་པ་དང་། ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་གི་ལས་དོན་ཁག་གི་གཞི་འཛིན་ས་དང་ཤུགས་རྒྱག་སར་བྱེད་པ། མི་རིགས་མཐུན་སྒྲིལ་ཆེན་པོར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་ཡོང་བར་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཡོང་བ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་བཏོད་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    2017ལོའི་ཟླ་10པར་བྲག་ཡིབ་ཆུས་ལ་རྒྱལ་ཁབ་ཀྱི་ཆེད་དོན་དཔྱད་དཔོག་ཞིབ་བཤེར་ཐོབ་ནས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱེད་པའི་ཆོག་མཆན་དངོས་སུ་སྤྲད་པས། བོད་རང་སྐྱོང་ལྗོངས་ཀྱི་དབུལ་ཞྭ་ཕུད་པའི་རྫོང་དབུལ་པོ་ཁག་དང་པོའི་རྫོང་དང་ཆུས་ཀྱི་གྲས་སུ་གྱུར་ཡོད།

    “ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཆུས་དང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་ལས་བྱེད་པས་དཀའ་སྤྱད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་སྔ་འཚམས་འདྲིར་ཕེབས་མྱོང་བའི་གྲོང་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་གསར་འགོད་པས་ཚོམས་ཆེན་རྒྱ་ཆེ་ཞིང་གཙང་སྦྲ་དོད་པ་དང་། མཛོད་ཁང་ནང་ཞིམ་མངར་ལྡན་པའི་ཆང་དང་། སྲན་མའི་དོ་པོ། ཕྱུར་བ་བཅས་གྲལ་འགྲིག་པོས་བཞག་པ་མཐོང་བྱུང་། ད་དུང་སྒོ་རའི་ནང་སྔོ་ཐིང་ཐིང་གི་སྤང་དང་དྲི་ཞིམ་འཐུལ་བའི་འབྲས་ཤིང་སྣ་ཚོགས་བཏབ་འདུག

    ཟླ་བ་རྒྱལ་མཚན་གྱིས་ཆུང་དུས་ཁྱིམ་དུ་ས་ཞིང་འདེབས་པ་དང་ཕྱུགས་འཚོ་གི་ཡོད། དེ་དུས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་3ཡང་ཟིན་གྱི་མེད། ད་ཆ་སྐྱེལ་འདྲེན་གྱི་ལས་ལ་གཞོལ་བ་དང་། “ཁམ་བུའི་མེ་ཏོག་གླིང”གི་མཛེས་ལྗོངས་ཁུལ་གྱི་སྤ་སེ་བཙོངས་པའི་བགོ་འགྲེམས། དེ་བཞིན་ས་ཞིང་བརྒྱུད་བཤུག་སོགས་བྱས་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཡོང་གི་འདུག་ཅེས་བཤད།

    ཟླ་བ་རྒྱལ་མཚན་གྱི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་མཚོན་ཚུལ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས་འདི་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བཞད་ས་རེད་ཅེས་གསུངས་ཡོད།

    འཕེལ་རྒྱས་ནི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་རྩ་བ་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་གྲངས་ཉུང་མི་རིགས་གཅིག་ཀྱང་ལུས་མི་རུང་བའི”མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། བྲག་ཡིབ་ཆུས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དགོས་གཏུགས་ཀྱི་བསམ་པ་དང་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་ལས་འགན་སྒྲུབ་སེམས་བློ་ལ་བརྟན་པོར་བཅངས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་པ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་རེད།

    བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་དེ་ཏང་སྲིད་ཀྱི“འགོ་ཁྲིད་གཙོ་བོའི”འདུ་འགོད་ལ་བརྩིས་ནས། བྲག་ཡིབ་ཆུས་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་ཁུར་བ་དང་། དྲིལ་བསྒྲགས་དང་འཐབ་ཕྱོགས་གཅིག་གྱུར་སོགས་ཚན་པ་61གིས་ཁོངས་མི་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད། 《བྲག་ཡིབ་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བའི་ལག་བསྟར་ཇུས་གཞི》དང《བྲག་ཡིབ་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ“དགུ་སྤེལ”གྱི་དཔེ་སྟོན་ཚན་པའི་ཚད་ལེན་ཚོད་ལྟ་དང་དམིགས་ཚད》སོགས་ཡིག་ཆ་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་བཏོན་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྲ་ཞིང་བརྟན་པའི་མཛུབ་ཁྲིད་བྱས་ནས་གསར་གཏོད་ལས་དོན་གྱི་ལས་འགན་ཁ་གསལ་དང་། བྱེད་ཐབས་ཞིབ་ཕྲ། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བཅས་ཀྱི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་འགྲོ་གྲོན་དེ་ལོ་འཁོར་གྱི་ནོར་སྲིད་སྔོན་རྩིས་ནང་བཅུག་པ་མ་ཟད། ལོ་རེ་བཞིན་མང་དུ་བཏང་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་འགན་ལེན་ནུས་ལྡན་ཐུབ་པ་དང་། ཆུས་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྡེ་ཚན་ཁག་གིས་ཕན་ཚུན་གཞོགས་འདེགས། ཚན་པ་ཁག་གིས་རང་འགན་གཙང་སྒྲུབ། སྤྱི་ཚོགས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་འཛུགས་གཏོད་ལས་དོན་གྱི་རྣམ་པ་ཞིག་ཆགས་ཡོད།

    “བོད་རིགས་དང་རྒྱ་རིགས་ནི་ཨ་མ་གཅིག་གི་བུ་མོ། ཨ་མའི་མིང་ལ་ཀྲུང་གོ་ཟེར”བྲག་ཡིབ་ཆུས་སློབ་འབྲིང་དུ་རོལ་དབྱངས་སློབ་ཚན་འཚོག་རིམ་བཞིན《ཨ་མ་གཅིག་གི་བུ་མོ》ཞེས་པའི་གླུ་དབྱངས་ཀྱི་འགྱུར་ཁུག་སྙན་པོ་དེ་ཐོས་རྒྱུ་ཡོད། བྲག་ཡིབ་ཆུས་སློབ་འབྲིང་གིས་གླུ་གཞས་དེ་སློབ་ཚན་མ་འཚོག་གོང་ངེས་པར་དུ་ལེན་དགོས་པའི་གླུ་གཞས་ཤིག་ཏུ་བརྩིས་ནས། སློབ་མ་ཚོར་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་མཉམ་གནས་ཀྱི་མཛའ་མཐུན་བརྒྱུད་བསྒྲགས་བྱས་པ་རེད།

    དེ་དང་ཆབས་ཅིག་བྲག་ཡིབ་ཆུས་ཀྱིས་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མ་དངུལ་སྒོར་ཁྲི་3588བརྩོན་ལེན་བྱས་ནས་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་རིགས་ཀྱི་ཁྱད་ལྡན་འདེབས་གསོ་དང་། ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན། ཡུལ་སྐོར་ཐོན་ལས། རྨང་གཞིའི་སྒྲིག་བཀོད། ཁྱད་ལྡན་གྲོང་ཚོ་འཛུགས་སྐྲུན་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མོན་པ་སོགས་གྲངས་ཉུང་མི་རིགས་ཀྱི་བྱ་གཞག་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

    ད་ཆ་བྲག་ཡིབ་ཆུས་སུ་མཐུན་སྒྲིལ་གྱི་རོལ་དབྱངས་སྔར་བས་སྙན་ཞིང་འཇེབས་པ་དང་ཞི་མཐུན་གྱི་དབྱངས་རྟ་སྙན་པོའི་འགྱུར་ཁུག་དང་བསྟུན་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བདེ་སྡུག་མཉམ་མྱོང་དང་། ལག་གདང་སྦྲེལ་ནས་ཕན་ཚུན་རོགས་རམ། དཀའ་སྤྱད་འབད་འབུངས་བཅས་ཀྱི་ཞི་མཐུན་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་གསར་པ་མཉམ་དུ་རྩོམ་བཞིན་མཆིས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།