བོད་ཀྱི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཁོང་དུ་ཆུད་པ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་པ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་དེ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ཡིན། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བསྟན་གནང་བ་ལྟར། རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་བོད་ཀྱི་ལས་བྱེད་པས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་སྟེ། གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་བྱས་ཏེ། ལས་ཀའི་ཁྲོད་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། འཇོན་ཐང་ཇེ་ཆེར་གཏོང་བ་དང་སྤྱོད་ཚུལ་ལེགས་སུ་གཏོང་དགོས།
“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བར་འགན་འཁྲི་དང་ལས་འགན་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་དང་བསྡུར་ན་ད་ཆའི་བོད་ཀྱི་འཕེལ་རྒྱས་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ནས། ཡུན་རིང་ལ་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱས་པ་མ་ཟད། དེ་སྔ་སྒྲུབ་འདོད་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་ཀྱང་བསྒྲུབས་ཡོད་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། བོད་ལ་གྲུབ་འབྲས་ཆེན་པོ་འདི་ལྟ་བུ་ཐོབ་པ་དེ་ནི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་ཡང་དག་བྱས་པ་དང་འབྲེལ་བ་ཡོད་ལ “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་ཡང་ཁ་བྲལ་ཐབས་མེད། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར། རྒྱ་ཆེའི་བོད་ཀྱི་ལས་བྱེད་པས་འཐབ་ས་དང་པོར་བརྟན་སྲུང་དང་ཞབས་འདེགས་ཞུས་ནས། ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་འགན་འཁྲི་དང་ལས་འགན་བརྟན་སྲུང་བྱས་ཏེ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དེ་བསམ་བློའི་འདུ་ཤེས་ཀྱི་གལ་ཆེ་སར་ཁྱབ་པ་དང་། དངོས་ཡོད་ལས་ཀའི་ནང་ཁྱབ་པ་བྱས་ཚེ་གཞི་ནས་དངངས་སྐྲག་དང་འཇིགས་པ་མེད་པར་འགག་སྒྲོལ་དཀའ་སེལ་བྱེད་ཐུབ།
“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བར་སྒྱུར་བཅོས་གསར་གཏོད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནི་མ་གཞི་ནས་དུས་བསྟུན་འཕེལ་རྒྱས་གཏོང་བ་ཞིག་དང་ཞུན་བརྡར་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པ་ཞིག་རེད། ཆ་རྐྱེན་ཇི་ཙམ་དཀའ་ཚེགས་ཆེ་ཡང་དེ་ཙམ་གྱིས་འཆིང་རྒྱ་ལས་གྲོལ་ཐུབ་པ་དང་གསར་གཏོད་བྱེད་ཐུབ། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྤྲད་དེ་རིམ་འཕེལ་དང་། འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ལ་རྩེ་གཅིག་ཏུ་དམིགས་ནས་འཕེལ་རྒྱས་ཀྱི་ནང་རྐྱེན་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས། འཕེལ་རྒྱས་ཀྱི་གསོན་ཤུགས་སོགས་ཀྱི་ཐད་ནས་ཇུས་འགོད་དང་བསམ་གཞིགས་བྱ་དགོས། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱ་རྒྱུར་སྣང་ཆེན་བྱས་ཏེ། རིག་གནས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། གྲོང་གསེབ་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས། ཐོན་ལས་འཕེལ་རྒྱས་ཀྱི་འགག་རྩར་དམ་འཛིན་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་ཚན་རྩལ་གྱི་གསོན་ཤུགས་སྣོན་དགོས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་ཐོག་མཐའ་བར་གསུམ་གྱི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ་དང་། སྲིད་ཇུས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་གཅིག་གྱུར་འཆར་འགོད་ངང་བེད་སྤྱོད་ཡག་པོ་བྱས་ནས། རང་འགུལ་ངང་བྱས་རྗེས་འཇོག་པ་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ཏེ། ཕྱོགས་ཡོངས་ནས་བོད་ཀྱི་འཛུགས་སྐྲུན་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་དགོས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བར་སྒྱུར་བཅོས་གསར་གཏོད་ཀྱི་འདུ་ཤེས་མངོན་གསལ་དོད་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས།
“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བར་ཐུགས་ཁུར་དང་གཅེས་སྐྱོང་མངོན་གསལ་དོད་པོ་བྱེད་དགོས། ཆ་རྐྱེན་ཇི་ཙམ་དཀའ་ཚེགས་ཆེ་ཡང་དེ་ཙམ་གྱིས་ལས་བྱེད་པའི་ཐུགས་ཁུར་དང་གཅེས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་བ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག ཀྲུང་དབྱང་ནས་བོད་ལྗོངས་བར་ཚང་མས་བོད་ཀྱི་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུ་དེ་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས། གླ་ཕོགས་ཡོང་འབབ་དང་། སྡོད་ཁང་། སྨན་བཅོས། བུ་ཕྲུག་སློབ་གྲྭར་ཞུགས་པ། ལས་འཁྱུར་ངལ་གསོ་བཀོད་སྒྲིག་སོགས་ཕྱོགས་གང་ཅིའི་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ་ཡག་པོ་བྱས་ཏེ། ཁོང་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་ཡག་པོ་བྱ་དགོས། བདེ་ཐང་འགན་ལེན་ལས་དོན་ལ་མཐོང་ཆེན་བྱས་ཏེ། ས་བབ་མཐོ་བའི་ས་ཁུལ་གྱི་སྨན་བཅོས་བདེ་སྲུང་གི་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་ནས། ཁོང་ཚོའི་བདེ་ཐང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཐུགས་ཁུར་དང་གཅེས་སྐྱོང་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། བོད་ཁུལ་དུ་ལས་ཀ་བྱེད་མཁན་ལས་བྱེད་པ་ཚང་མར་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་ཚོར་ཐུབ་པ་བྱས་ཚེ། གཞི་ནས་ཁོང་ཚོའི་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་ཧུར་ཐག་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་ཐུབ། (བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ཀླུ་མོ)