དབུ་ཤོག>གསར་འགྱུར།
  • ​གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2021-10-17

    ཉེ་བའི་ལོ་ཤས་རིང་། གཞིས་རྩེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ། “6·2”མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ་ཁྲིམས་ལྟར་འཛུགས་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ་ལྟར་བརྩེ་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་གྱིས་སྤེལ་བ།

    མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང(ཆུས)དང་། དཔེ་སྟོན་ཤང་གྲོང་རྡལ(ཁྲོམ་གཞུང) དཔེ་སྟོན་གྲོང་ལྷན། དཔེ་སྟོན་སྡེ་ཁུལ། དཔེ་སྟོན་ཚན་པ་བཅས་ཧུར་ཐག་བཏོད་པས་2019ལོར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་རེད།

    ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མཐུན་སྒྲིལ་གྱི་བླ་སྲོག་བཏོད་པ།

    མི་དམངས་ལ་དད་མོས་ཡོད་ཚེ། མི་རིགས་ལ་རེ་བ་ཡོད་ལ། རྒྱལ་ཁབ་ལའང་སྟོབས་ཤུགས་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་གཙོ་རྒྱུན་རིན་ཐང་ལ་བརྟེན་ནས་མང་ཚོགས་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དེ་ཁྲིམས་སྐྱོང་འཛུགས་སྐྱོང་དང་། རྒྱལ་དམངས་སློབ་གསོ། བསམ་པའི་དཔལ་ཡོན་སྲོལ་གཏོད་བཅས་དང་མཉམ་འདྲེས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས”ཀྱི་སྙིང་སྟོབས། “ཇོ་མོ་གླང་མའི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་ལྟར་ཟབ་པའི་བཀའ་དྲིན་ཚོར་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། “གདེང་ཚོད་བཞི”ཆེ་རུ་དང“མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དྲིན་ཚོར་ཡར་བརྩོན་དང་མཐུན་སྒྲིལ་འབད་འབུངས་ཀྱི་དྲང་ནུས་ཆེན་པོ་ཞིག་གཅིག་ཏུ་སྒྲིལ་ཡོད།

    ཁ་ཕྱོགས་ཀྱིས་མདུན་ལམ་གཏན་འཁེལ་ཐུབ་པ་དང་འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད་ཐུབ། དུས་ཡུན་རིང་པོའི་ནང་། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་མི་རིགས་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཚད་གཞི་དང་ཡང་ཡང་བསྡུར་བ་དང་ལྷག་བསམ་ཟོལ་མེད་ཀྱིས་མིག་ལྟོས་བྱེད་པའི་ཉམས་ཟད་གལ་ཆེན་ཞིག་ལ་བརྩི་བ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་གཞི་རྟེན་གལ་ཆེན་ཞིག་ལ་བརྩི་བ། གཞིས་རྩེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ལ་བརྩི་བ། མང་ཚོགས་ཀྱི་ལས་དོན་ཆེ་ཤོས་ལ་བརྩི་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་དམ་འཛིན་དང་། རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན། སྙིང་རུས་གཏན་འཁྱོངས་ཀྱིས་དམ་འཛིན་བཅས་བྱས་ཁར། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པའི་ཕན་འབྲས་དངོས་ལ་བརྟེན་ནས་བློ་དཀར་སེམས་དཀར་མཚོན་པ་དང་། ཐོག་མའི་བསམ་འདུན་ལག་ལེན་བསྟར་བ། འགན་འཁྲི་ཁུར་བ་བཅས་བྱས་ཡོད།

    དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་བ།

    འདི་ལོའི་ཟླ་བརྒྱད་པ་ཧྲིལ་པོར། གཞིས་རྩེ་གྲོང་ཁྱེར་ནས་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་དུ་བསྐྱོད་མཁན་ཧོ་ཡུས་ཚུང་གི་ལས་ཀ་བྲེལ་བརྩོན་ཆེན་པོ་ཡོད། དབྱང་ཀྲོའུ་རུ་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་པ་ལས་མིའི་ལས་དོན་ཞབས་ཞུའི་ས་ཚིགས་ཀྱི་འགན་འཁུར་བ་ཡིན་པའི་ཁོང་གིས་དབྱང་ཀྲོའུ་རུ་ལས་ཀ་བྱེད་མཁན་གཞིས་རྩེའི་ལས་མི་50ལྷག་ཙམ་ལ་ཞབས་འདེགས་གང་ལེགས་ཞུས་ནས་ཁོང་ཚོས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་དང་། བློ་བདེ་བག་ཕེབས་ངང་འཚོ་བ་སྐྱེལ་བ། མི་དང་ལས་གནས་འཚམ་པའི་སྒོ་ནས་ལས་ཞུགས་བཅས་ཀྱི་འགན་ལེན་བྱས་ཡོད། “ང་ཚོ་འདི་གར་ཡུན་རིང་ལས་ཀ་བྱ་རྩིས་ཡོད”“དབྱང་ཀྲོའུ་ང་ཚོའི་བསམ་ཡུལ་ལས་ལེགས་པ་འདུག དེ་གར་ཡོང་ནས་མཐོང་རྒྱ་ཆེ་རུ་སོང་བ་དང་། རྩལ་ནུས་ཤེས་པ། ཡོང་འབབ་མང་དུ་སོང་བ་མ་ཟད། ད་དུང་འཚོ་བ་ཡང་མགྱོགས་པོ་འཕྲོད་སོང་། ཏང་དང་སྲིད་གཞུང་གིས་སེམས་རྩ་འཁོལ་པོས་ཐུགས་ཁུར་དང་བྱམས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་འབྲོང་པ་རྫོང་ནས་ཡིན་པའི་ཕུར་བུ་ཆུང་བདག་གིས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།

    མིག་སྔར། གཞིས་རྩེ་གྲོང་ཁྱེར་གྱིས“ཞིང་གསུམ”ལས་དོན་གྱི་གཙོ་གནད་དེ་དབུལ་སྒྲོལ་འགག་སྒྲོལ་ནས་གྲོང་གསེབ་དར་རྒྱས་ལ་སྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “མི་དོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་དང་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཡོད། གྲོང་ཁྱེར་དེས་ལས་ཞུགས་གཞན་སྒྱུར་དང་ལྷག་པར་དུ་ལྗོངས་ཕྱིར་ལས་ཞུགས་གཞན་སྒྱུར་བྱ་རྒྱུ་དེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུར་སྣང་ཆེན་བྱེད་པ་དང་ཆབས་ཅིག ལས་ཞུགས་གཞན་སྒྱུར་བྱ་རྒྱུ་དེ་མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ལ་བརྩིས་ནས་2020ལོར་ཞིང་འབྲོག་མང་ཚོགས་ཁྲི་24.04ལས་ཞུགས་གཞན་སྒྱུར་བྱས་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་29.8བྱུང་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཚད་ལྡན་དུ་གཏོང་བའི་བྱ་སྤྱོད་མུ་མཐུད་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་6591བར་འཕེལ་རྒྱས་བཏང་བ་དང་མང་ཚོགས་ཁྲི་44.72མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པས་ཁེ་སྤོགས་སྒོར་དུང་ཕྱུར་6.06བགོ་འགྲེམས་བརྒྱབ་ཡོད།

    འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་དང་ལྷག་པར་དུ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་ཁེ་ལས་གཉིས་དང་སྤེལ་རེས་དང་འགྲོ་འོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཐོན་ལས་དང་། ལས་ཞུགས། དབུལ་སྐྱོར། རིག་གནས། ཡུལ་སྐོར། སློབ་གསོ། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཕྱོགས་ཡོངས་ནས་ཟབ་གཏོང་བྱས་ནས་ཁ་གཏད་རོགས་སྐྱོར་གྱི་བརྒྱུད་རིམ་དེ་རིམ་བཞིན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ལ་གྱུར་བ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ནང་སའི་དབར་གྱི་འགྲོ་འོང་དེ་བས་ཟབ་ཏུ་སོང་བ་དང་། སྤེལ་རེས་དེ་བས་མང་དུ་སོང་བ། མཉམ་འདྲེས་དེ་བས་གཏིང་ཟབ་བྱུང་ཡོད།

    དེ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་མི་འདུ་འཛོམས་ཆེ་བ་དང་མི་རིགས་གྲུབ་ཆ་མང་བའི་གྲོང་ཁྱེར་གྱི་ཁྱད་ཆོས་ལ་གཞི་ཚུགས་ནས་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་མི་རིགས་ཁག་མཉམ་སྡོད་མཉམ་སྦྱོང་དང་མཉམ་ལས་མཉམ་སྤྲོའི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་བཏོད་པས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི“སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང”བྱེད་པའི་བརྩེ་སེམས་དེ་བས་ཟབ་ཏུ་སོང་བ་དང“བདེ་སྡུག་མཉམ་མྱོང”གི་འབྲེལ་ཐག་དེ་བས་དམ་ཟབ་ཏུ་སོང་ཡོད། གྲོང་ཁྱེར་དེས་མི་རིགས་མཐུན་སྒྲིལ་གྱི་ཆ་སྒྲིག་བྱེད་སྒོ་རྒྱ་ཁྱབ་དང་གཏིང་ཟབ་ངང་སྤེལ་ནས། ནང་སའི་འདེབས་གསོ་དུད་ཆེན་ནམ་ཡང་ན་ཁེ་ལས་བོད་དུ་འདྲེན་ནས་ས་ཞིང་དང་རྩྭ་ར་འགན་གཙང་སྤྲོད་པ་དང་གཉེར་སྐྱོང་བྱེད་ཏུ་འཇུག་པ་དང་། གྲོང་ཁྱེར་དེའི་མང་ཚོགས་ཀྱི་བུ་ཕྲུག་ནང་སར་སློབ་སྦྱོང་དང་། ལས་ཞུགས། ཚོང་གཉེར་བཅས་ལ་སྐུལ་མ་གཏོང་བ། བོད་དུ་ཡོད་པའི་ཁེ་ལས་དང་ཁ་གཏད་རོགས་སྐྲུན་རྣམ་གྲངས་ཀྱིས་ས་གནས་དེ་གའི་མང་ཚོགས་བསྡུ་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ནས། ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།

    སྟོབས་ཤུགས་ཆེ་ཤོས་ནི་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དེ་ཡིན། ནུས་ཤུགས་ཆེ་ཤོས་ཀྱི་བྱ་ཐབས་ནི་སེམས་ནུས་གཅིག་སྒྲིལ་བྱ་རྒྱུ་དེ་ཡིན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་ལ་བདེ་བླག་ངང་འཛུགས་གཏོད་བྱས་པའི་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་འདི་ཉིད་མིག་སྔར་འཛུགས་གཏོད་ཀྱི་དུས་མཚམས་ནས་དཔེ་སྟོན་གྱི་དུས་མཚམས་ལ་སླེབས་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས“འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དེ་དེང་རབས་ཅན་དང་གོམ་སྟབས་མཉམ་མཚུངས་དང་། སྤྱི་པའི་ཞབས་ཞུའི་ངོ་བོ་དང་མཉམ་མཚུངས། ཁྲིམས་སྐྱོང་འགན་སྲུང་གི་དབང་ཆ་དང་མཉམ་མཚུངས། བསམ་པའི་ཁྱིམ་གཞིས་མཉམ་བསྐྲུན། སྤྱི་ཚོགས་ཞི་མཐུན་མཉམ་གཏོད”བཅས་ཀྱི“མཉམ་མཚུངས་ལྔའི”དམིགས་ཚད་ལ་དམིགས་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཡུན་དུ་བཞད་པ་དང་དྲི་ཞིམ་འཐུལ་བར་བྱ་རྒྱུ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།