དབུ་ཤོག>གསར་འགྱུར།
  • བརྩེ་སེམས་ཟབ་མོའི་བོད་སྐྱོར་འདི། སེམས་མཐུན་སྒྲོག་ཐག་ཉིད་དང་མཚུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-05

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལས་ཞུགས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཤུགས་ཆེའི་རྒྱབ་སྐྱོར་དང་མཐུན་སྦྱོར་སྐུལ་འདེད་འོག ལྗོངས་ཡོངས་ཀྱི་སྔོན་ལ་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཀྱི་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་བཙུགས་པ་དང་འབྲེལ“བྱེད་པོ་གཅིག་དང་ལས་སྟེགས་གསུམ”གསར་གཏོད་བྱས་ནས་ལས་ཞུགས་བོད་སྐྱོར་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

    གྲངས་གཞི་ལས་མངོན་གསལ། མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་དུ་བཀྲ་ཤིས་ཟླ་བ་ཚུད་པའི་ཐེམ་ཁུངས་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་130ལྷག་ཙམ་ལས་ཞུགས་བོད་སྐྱོར་གྱི་ཐབས་ལམ་བརྒྱུད། ཀོང་ཏུང་ཞིང་ཆེན་གྱི་རིམ་ཁག་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་སུ་ལས་ཞུགས་ཐུབ་ཡོད།

    བྱེད་པོ་གཅིག་བཏོད་པ། 

    ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར“ཀོང་ཏུང་གི་རང་ཁྱིམ”བསྐྲུན་པ།

    ཚེ་དབང་དཔལ་ལྡན་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ནས་ཡིན་པ་དང་2017ལོར་སློབ་གྲྭ་ཐོན་རྗེས་མི་གཞན་དང་འདྲ་བར་ལས་ཀ་འཚོལ་རྒྱུ་དེ་ཁོ་པའི་དོན་ཆེན་དུ་གྱུར། ཕ་ཡུལ་དུ་བསྡད་ནས་ལྗོངས་ནང་ཁུལ་གྱི་གཞུང་ལས་པའི་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་པའམ་ཡང་ན་ལས་གནས་གཞན་ཞིག་འཚོལ་བར་འགྲོ་རྒྱུའི་སྐོར་ལ་ཐེ་ཚོམ་བྱེད་པའི་སྐབས་སུ་ཚེ་དབང་དཔལ་ལྡན་གྱིས་ལས་ཞུགས་བོད་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་བྱུང་བ་དང་། ནང་མིས་ཀྱང་ཁོང་ཕྱི་ལ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པས་དེ་ལྟར་ཚེ་དབང་དཔལ་ལྡན་ཀོང་ཏུང་ཞིང་ཆེན་ཧྥོ་ཧྲན་གྲོང་ཁྱེར་དུ་སླེབས་པ་རེད།

    ད་ཆ་ཧྥོ་ཧྲན་གྲོང་ཁྱེར་ཧྲུན་ཏེ་ཆུས་སྤྱི་བདེ་ཅུས་ཅུན་ཨན་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་འབྲིང་གི་མི་དམངས་ཉེན་རྟོག་པ་ཡིན་པའི་ཚེ་དབང་དཔལ་ལྡན་གྱིས“ང་འདི་གའི་ཞིམ་ཟས་ལ་རིམ་བཞིན་དགའ་རུ་འགྲོ་གི་འདུག་ལ་རྟག་ཏུ་དྲ་ཐོག་ནས་ཀོང་ཏུང་སྐད་ཀྱང་སྦྱོང་གི་ཡོད། ད་ཆ་མང་ཆེ་བ་བརྡ་འཕྲོད་ཀྱི་འདུག མིག་སྔར་ངའི་བསམ་འདུན་ཆེ་ཤོས་ནི་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཉེན་དོན་རྩལ་ནུས་དེ་བས་མང་བ་སྦྱངས་ཏེ་རང་ཉིད་ཀྱི་ལས་གནས་ཐོག་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་བྱ་རྒྱུ་དེ་ཡིན”ཞེས་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་མི་སྣར་བཤད།

    ཉིང་ཁྲི་གྲོང་ཁྱེར་གྱིས་འདས་ཟིན་པའི་ལོའི་རིང་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ལ་སྐུལ་འདེད་བཏང་བའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཕ་ཡུལ་དྲན་པའི་དོན་དངོས་ལ་ནུས་ཤུགས་ཡོད་རྒུས་དམིགས་ཏེ། བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར“ཀོང་ཏུང་གི་རང་ཁྱིམ”བསྐྲུན་ནས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཀོང་ཏུང་དུ་ལས་ཞུགས་ཐུབ་པར་སེམས་ཀྱི་ཆགས་ས་ཞིག་དང་ཕ་ཡུལ་གྱི་ཐུགས་ཁུར་ཟབ་མོ་ཚོར་བའི་རྣམ་པ་བཟང་པོ་ཞིག་བཏོད་དེ་ཁོང་ཚོ་བློ་བདེ་པོའི་ངང་ལས་ཞུགས་དང་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཀྲུའུ་ཧའེ་སོགས་ས་ཁུལ་དང་གྲོང་ཁྱེར་9རུ་དྲ་ཐོག་དང་དྲ་ཕྱིའི“ཀོང་ཏུང་གི་རང་ཁྱིམ”11བཙུགས་ཡོད།

    ལས་སྟེགས་གསུམ་བསྐྲུན་པ།

    ཚད་ལྡན་ཅན་དང་། ཕྱོགས་བསྡུས་ཅན། སྣ་མང་ཅན་བཅས་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན་པ།

    ཉིང་ཁྲི་གྲོང་ཁྱེར་གྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཀོང་ཏུང་དུ་ལས་ཞུགས་བྱེད་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ལས་ཀའི་བྱེད་སྟངས་མཐའ་འཁྱོངས་ཀྱིས“7+2”འཛད་སྤྱོད་བོད་སྐྱོར་ལས་སྟེགས་གང་ལེགས་སྤྱད་དེ་འབྲེལ་གཏུག་ཁྲུའུ་དང་བོད་ལྗོངས་གཡང་ཕྱུག་ཁེ་ལས་ཚད་ཡོད་ཀུང་སིའི་ཚན་པ་2སུ་གཞོན་ནུའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི་བཙུགས་ནས་ཉིང་ཁྲི་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་18ཀོང་ཏུང་དུ་ལས་ཀར་བསྡུས་པ་རེད། ལྟ་སྦྱོང་ཟླ་བ་6ནས་12བར་བྱས་པ་བརྒྱུད། བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་རང་འདུན་ལྟར་ལས་ཞུགས་གདམ་ག་དང་ལྗོངས་ཕྱིར་བདེ་བླག་ངང་ལས་ཞུགས་ཐུབ་རྒྱུར་ཚོད་ལྟའི་ལས་སྟེགས་ཤིག་མཁོ་འདོན་བྱས་པས། མཐོ་སློབ་སློབ་ཐོན་སློབ་མ་ཁག་གཅིག་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་གོམ་པ་དང་པོ་སྤོ་མི་ཕོད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རོགས་རམ་འོག་ཉིང་ཁྲི་གྲོང་ཁྱེར་གྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཀོང་ཏུང་དུ་ལས་ཞུགས་བྱེད་པའི་ཕུགས་ཕན་ལམ་སྲོལ་གཏོད་རྒྱུར་གཞོལ་ནས་རྒྱལ་ཡོངས་ཀྱི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱི་སྔོན་ལ་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར“རོགས་སྐྱོར་གསུམ་དང་རྒྱབ་སྐྱོར་གཅིག”གི་འཆར་གཞིའི་ལས་བསྡུའི་ཁྱབ་ཁོངས་ནང་བཅུག་པ་དང་འབྲེལ་རྒྱུན་རྣམ་ཅན་གྱི་ལས་བསྡུ་མངོན་འགྱུར་བྱུང་ཡོད། ཉེ་ཆར། ཀོང་ཏུང་ཞིང་ཆེན་མི་སྤྱི་ཐིང་དང་། ཧུའེ་ཀྲོའུ་གྲོང་ཁྱེར། ཀྲུང་ཧྲན་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ཏུ་བསྐྱོད་ནས་2020ལོའི“རོགས་སྐྱོར་གསུམ་དང་རྒྱབ་སྐྱོར་གཅིག”གི་མི་སྣར་བཅར་འདྲི་བྱས་པ་དང་སྦྲགས་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ལྗོངས་ཡོངས་ཀྱི་སྔོན་ལ་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཀོང་ཏུང་ཞིང་ཆེན་གྱི་བྱ་གཞག་ཚན་པའི་གཅིག་སྡུད་ཡོངས་བསྒྲགས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ནང་བཅུག་པ་མ་ཟད། ཉིང་ཁྲིར་རྒྱུགས་ཁུལ་བཀོད་སྒྲིག་བྱས་ནས་རྒྱུགས་སྤྲོད་སློབ་མ་ཡིག་རྒྱུགས་ལ་ཞུགས་རྒྱུར་སྟབས་བདེ་བསྐྲུན་ཡོད། ལྗོངས་ཡོངས་ཀྱི་སྔོན་ལ་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ“སྔོན་ལ་མཐིལ་རྟོགས་དང་རྗེས་སུ་སྙོམ་སྒྲིག”གི་བྱ་གཞག་ཚན་པའི་ཆེད་དོན་ལས་མི་བསྡུ་བའི་ཐབས་ལམ་གསར་པ་ཁྱབ་གདལ་བཏང་ཞིང་། 2020ལོར་ཀོང་ཏུང་ཞིང་ཆེན་གྱི་བྱ་གཞག་ཚན་པས་གནད་སྨིན་སྙོམས་སྒྲིག་གི་ལས་གནས་ཁག་80ཆེད་མངགས་བསྡུས་པ་དེ་2019ལོ་དང་བསྡུར་ན་60%འཕར་ནས་ལས་གནས་ཐོག་མི་བསྡུ་ཚད་བོད་སྐྱོར་ཞིང་ཆེན་ཁག་གི་ཨང་དང་པོར་སླེབས་པ་དང་། 2020ལོར་ཉིང་ཁྲིའི་ལོ་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99.43%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།