1965ལོ་ནས་ན་ནིང་བར་ཆོས་གྲུབ་ཀྱིས་ཕྱུགས་རིགས་སྨན་པ་ལོ་55བྱས་པ་དང་འདི་ལོ་ནི་ཆོས་གྲུབ་རྒན་ཡོལ་ཞུས་པའི་ལོ་དང་པོ་དེ་རེད། རྒན་ཡོལ་ཞུས་ཀྱང་ཚེ་གང་བྱས་པའི་ལས་ཀ་དེ་མ་ཉིད་དུ་མཚམས་འཇོག་ག་ལ་སྲིད། ཁྱིམ་དུ་ལས་ཀ་མེད་ཚེ་ཆོས་གྲུབ་ཀྱིས་ལྷན་པ་མང་པོ་བརྒྱབ་པའི་སྨན་སྒམ་ཁྱེར་ནས་ཤང་དུ་ཕྱུགས་ཟོག་ལ་སྨན་བཅོས་བྱེད་པར་འགྲོ་གི་ཡོད།
1945ལོའི་ཟླ་9པར་ཆོས་གྲུབ་སྐྱེས་པས་ཞིང་བྲན་བདག་པོའི་བཤུ་གཞོག་དྲག་པོ་ཕོག་པའི་ཁྱིམ་ཚང་ལ་སྤྲོ་སྣང་ཕྲན་བུ་སྦྱིན། ཆོས་གྲུབ་ཀྱི་དྲན་འཆར་ནང་ཞིང་བྲན་གྱི་ངུ་སྒྲ་དང་ཁྲལ་བསྡུ་མཁན་གྱིས་ཞིང་བྲན་ལ་ངར་སྐད་སྒྲོག་པ་དང་ལྕག་ཚན་གཞུ་བའི་རྣམ་པ་མ་གཏོགས་མེད། དེ་སྔའི་སྐོར་གླེང་རིམ་བཞིན་རྒད་པོ་ཆོས་གྲུབ་ཀྱིས“སྤྱི་ཚོགས་རྙིང་པར་ལྟོས་གྲོད་པ་མི་རྒྱགས་པ་དང་། གོས་ཀྱིས་ལུས་མི་དྲོད་པ། གཉིད་ཡག་པོ་ཁུག་ཐབས་བྲལ་བ་དང་ལས་འགན་ལེགས་གྲུབ་མ་ཐུབ་ཚེ་ཉེས་རྡུང་ཕོག་གི་ཡོད”ཅེས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད།
1951ལོ་ནི་བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ཁ་ཕྱོཌ་འགྱུར་མཚམས་ཤིག་རེད།
ཆོས་གྲུབ་ཀྱིས་སྐབས་དེ་དུས་ཞིང་བྲན་བདག་པོས་མི་ཚང་རེ་རེ་བཞིན་སྒོ་བརྡུངས་ནས་ང་ཚོར་གུང་ཁྲན་ཏང་སླེབས་གྲབས་འདུག གུང་ཁྲན་ཏང་གིས་མི་ཁྲག་འཐུང་བ་དང་མི་ཤ་ཟ་བའི་དཀྲོག་གཏམ་བཤད་བྱུང་། “སྐབས་དེ་དུས་གྲོང་ཚོ་ཧྲིལ་པོའི་རྣམ་པ་ཧ་ཅང་ཛ་དྲག་ཏུ་ཕྱིན་ནས་ཚང་མར་འཇིགས་སྣང་ཆེན་པོ་སྐུལ་ཡོད། མ་གཞི་ནས་ང་རང་བློ་ཁོག་ཆུང་བས་དེ་བས་ཞེད་སྣང་སྐྱེས་བྱུང”ཞེས་གསར་འགོད་པར་བཤད།
1951ལོའི་ཟླ་9པར་དམག་སྡེ་བཅོ་བརྒྱད་པ་ལ་མོ་གྲོང་ཚོར་སླེབས་ནས་དེར་ངལ་གསོ་བརྒྱབ།
ཞིང་ནང་དུ་ཞིང་བྲན་མཐོང་རྒྱུ་མེད་པ་དང་ཚང་མས་ཁྱིམ་གྱི་སྒོ་དམ་པོར་བརྒྱབ་ཡོད། “སྐབས་དེ་དུས་ང་ཨ་ཕས་ཁྱིམ་དུ་བཅུག་ནས་ཕྱིར་དོན་བཅུག་མ་བྱུང་། ང་ཚོ་ནང་མི་ཚང་མ་ཁྱིམ་དུ་གབ་ནས་བསྡད་པ་ཡིན”ཞེས་བཤད།
“ཏུང་ཏུང་ཏུང”ཞེས་སྒོ་རྡུང་བའི་སྒྲ་དང་སྦྲགས་ཏེ་སྒོའི་ཕྱི་ནས་བོད་རིགས་སྐད་སྒྱུར་བའི་སྐད་ཐོས་བྱུང་། ཡུད་ཙམ་ཐེ་ཚོམ་བྱས་རྗེས་ཆོས་གྲུབ་ཀྱི་ཨ་ཕས་སྒོ་གཞི་ནས་ཕྱེ། བསམ་ཡུལ་ལས་འདས་པ་ཞིག་ལ་མིག་མདུན་དུ་འཆར་བ་ནི་དམག་སྡེ་བཅོ་བརྒྱད་པའི་ངོ་གདོང་ལས་བྱམས་བརྩེའི་འཛུམ་མདངས་འཕྱུར་བ་མཐོང་། “ཁོང་ཚོ་ཁང་པའི་ནང་དུ་ཡོང་རྗེས་ང་ཚོར་སེམས་རྩ་འཁོལ་པོ་བྱེད་པ་མ་ཟད། ད་དུང་ང་ཚོར་གཙང་སྦྲ་བྱེད་རོགས་ཀྱང་བྱས་བྱུང”ཞེས་ཆོས་གྲུབ་ཀྱིས་དྲན་གསོ་བྱེད་བཞིན་དུ་བཤད།
དཔུང་སྡེས་གྲོང་ཚོར་ཉིན་ཤས་བསྡད་རྗེས་གྲོང་མི་ཚོའི་དོགས་ཟོན་རིམ་བཞིན་བསལ་ཡོད། “ཁོང་ཚོས་ང་ཚོར་གཙང་སྦྲ་བྱེད་རོགས་བྱེད་པ་མ་ཟད། རྒན་རྒོན་གྱིས་ཆུ་ལེན་པ་མཐོང་སྐབས་རང་འགུལ་ངང་རོགས་རམ་བྱེད་ཀྱི་འདུག”ཅེས་བཤད།
“ཁོང་ཚོ་ཧ་ཅང་ཡག་པོ་འདུག་པས་མི་ཤ་ཟ་ག་ལ་སྲིད”ལོ་ན་ཕྲ་བའི་ཆོས་གྲུབ་ཀྱི་སེམས་ནང་བཅིངས་འགྲོལ་དམག་ལ་བཅངས་པའི་བག་ཆགས་ལེགས་སུ་ཕྱིན་ནས་ཁོང་ཚོ་དང་འབྲེལ་འདྲིས་བྱེད་འགོ་ཚུགས། དཔུང་སྡེས་ཉིན་ལྟར་ཞོགས་པ་སྔ་པོ་ནས་ལངས་ཏེ་སྦྱོང་བརྡར་བྱེད་པའི་དུང་བརྡ་གྲགས་པ་དང་སྦྲགས་ལྟད་མོ་ལྟ་བར་འགྲོ་འདོད་ཆེ་བའི་ཆོས་གྲུབ་ཀྱིས་ལོ་ན་གཅིག་པའི་ཕྲུ་གུ་ཁ་ཤས་ཁྲིད་དེ་ལྟ་བར་འགྲོ་གི་ཡོད།
ཆོས་གྲུབ་ལ་བག་ཆགས་ཟབ་ཤོས་ཤིག་བཞག་པ་ནི་དམག་སྡེ་བཅོ་བརྒྱད་པས་ཁོང་ཚོར་གློག་བརྙན་བསྟན་པ་དེ་རེད། ཆོས་གྲུབ་ཀྱིས་ཁང་པའི་ཕྱིའི་སྒོ་རར་མཛུབ་མོ་བཙུགས་ནས་གསར་འགོད་པར“སྐབས་དེ་དུས་ང་ཚོའི་ཁྱིམ་གྱི་སྒོ་རའི་ནང་གློག་བརྙན་བསྟན་པ་རེད”ཅེས་བཤད། དེ་ནི་ཁོང་གློག་བརྙན་ལྟ་ཐེངས་དང་པོ་ཡིན་པ་དང་གློག་བརྙན་གང་ཞིག་བསྟན་པ་ད་ཆ་ཤོད་རྒྱུ་མེད་མོད། འོན་ཀྱང་གློག་བརྙན་ལྟ་སྐབས་ཀྱི་སྤྲོ་སྣང་ད་ཆའང་གསལ་པོར་དྲན་གྱི་ཡོད།
དམག་སྡེ་བཅོ་བརྒྱད་པ་ཁག་ཐེངས་ཁ་ཤས་སུ་བགོས་ཏེ་ལ་མོ་གྲོང་ཚོར་ངལ་གསོ་བརྒྱབ་ནས་སྔ་ཕྱི་བསྡོམས་ན་ལོ་གཅིག་ལྷག་ཙམ་བསྡད་ཡོད། ལོ་དེའི་ནང་ལ་མོ་གྲོང་ཚོར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། ཁོང་ཚོས་འདི་གའི་ཡུལ་མི་ཚོར་ས་ཞིང་འདེབས་རོགས་བྱས་པ་མ་ཟད་ཆུ་ཡུར་ཡང་བཟོ་རོགས་བྱས། “ཆུ་ཡུར་དེ་དག་ད་ཆའང་མཐོང་རྒྱུ་ཡོད”ཆོས་གྲུབ་ཀྱིས་ང་ཚོ་དམག་སྡེ་བཅོ་བརྒྱད་པའི་ཆུ་ཡུར་དང་། ཐབ་ཚང་། རྟ་དམག་ལེན་ཤོག་སྦྱོང་བརྡར་བྱེད་ས་བཅས་ཀྱི་རྗེས་ཤུལ་ལ་ལྟ་སྐོར་དུ་ཁྲིད་བྱུང་། བགྲང་བྱ་མང་པོ་འདས་ཟིན་པས་དམག་སྡེ་བཅོ་བརྒྱད་པའི་རྗེས་ཤུལ་རབ་རིབ་ཙམ་ལས་མཐོང་རྒྱུ་མེད་ཀྱང་དམག་སྡེ་བཅོ་བརྒྱད་པའི་དཀའ་ངལ་དང་སྲོག་ཉེན་ལ་མི་སྐྲག་པ་དང་། ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་བྱུང་བའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནམ་ཡང་མི་རྣམས་ཀྱི་སེམས་ནང་གནས་ཡོད།
1965ལོར་གྲོང་ཚོར་ལས་དོན་ཚོགས་ཆུང་སླེབས་པ་དང་། ཆེད་མངགས་ཕྱུགས་རིགས་སྨན་པའི་འབྲེལ་ཡོད་ལག་རྩལ་གྱི་གསོ་སྦྱོང་བྱས་ཡོད། ཆོས་གྲུབ་ཀྱིས་ཀྱང་རང་འགུལ་ངང་མིང་ཐོ་བཀོད་དེ་ཞུགས་པ་མ་ཟད། བདེ་བླག་ངང་ཕྱུགས་རིགས་སྨན་པར་གྱུར་ཡོད། ལོ་གཉིས་པར་ཆོས་གྲུབ་ལ་གླ་ཕོགས་ལེན་རྒྱུ་བྱུང་བས་ཁོང་དགའ་སྤྲོ་ཚད་མེད་སྐྱེས། འཚོ་བ་ལེགས་སུ་ཕྱིན་པས་འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས་ཡོད། བཅིངས་འགྲོལ་བཏང་རྗེས་ལ་མོ་གྲོང་ཚོར་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་རྒྱས།
ད་ཆ་ཆོས་གྲུབ་ལོ་76ལ་སླེབས་པ་དང་ཁྱིམ་དུ་ནང་མི་8ཡོད་ཅིང་། ཆོས་གྲུབ་ཀྱིས་ད་ཆ་ངའི་ཕྲུ་གུ་བཞི་པོར་ལས་ཀ་ཡོད་པ་དང་ཚ་བོ་དང་ཚ་མོ་སློབ་གྲྭ་འགྲིམ་བཞིན་ཡོད་ལ་ཉིན་མོ་ཡང་སེམས་ཁྲལ་བྱེད་དགོས་མེད་ཅེས་གསར་འགོད་པར་བཤད་བྱུང་། ཁོམ་པ་ཡོད་རིམ་བཞིན་ཆོས་གྲུབ་ཀྱིས་སྨན་སྒམ་ཁྱེར་ནས་ཤང་གི་ཕྱུགས་རིགས་ལ་སྨན་བཅོས་བྱེད་པར་འགྲོ་གི་ཡོད།