འདི་ལོ་ནི་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གཏོད་འཛུགས་བྱས་ནས་སྲ་བརྟན་དང་རིམ་སྤོར་བྱེད་པའི་ལོ་ཡིན་པས། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་འོག ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་རྫོང(ཆུས)ཁག་དང་ཚན་པ་ཁག་ནུས་ཤུགས་ཡོད་རྒུས་ཞུགས་རྒྱུའི་མཛུབ་སྟོན་ཤུགས་ཆེན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་མི་རིགས་མཐུན་སྒྲིལ་ལས་དོན་དེ་ལས་རིགས་ཁག་གི་ཁྲོད་ཁྱབ་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་མུ་མཐུད་སྐུལ་འདེད་བཏང་ཡོད།
མི་རིགས་མཐུན་སྒྲིལ་ཏང་གི་ལོ་རྒྱུས་སློབ་སྦྱོང་ནང་ཁྱབ་པར་བྱས་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། མི་རིགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག“ལོ་རྒྱུས་སྦྱངས་ནས་གནས་ལུཌ་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར”བཅས་བྱ་རྒྱུ་དམ་པོར་དམིགས་ཏེ། མི་རིགས་མཐུན་སྒྲིལ་ལས་དོན་གྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།
མི་རིགས་མཐུན་སྒྲིལ་སྤྱི་ཚོགས་སློབ་གསོའི་ཁྲོད་ཁྱབ་པར་བྱས་པ། ལས་ཁུངས་དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང) གྲོང་ཚོ་དང་གྲོང་ལྷན(སྡེ་ཁུལ) སློབ་གྲྭ དཔུང་སྡེ། ཁེ་ལས། ཁྱིམ་ཚང་བཅས་སུ་མི་རིགས་མཐུན་སྒྲིལ་ལས་དོན་སྤེལ་རྒྱུ་དམ་འཛིན་བྱ་གཞིར་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་སྤྱི་ཚོགས་སློབ་གསོའི་ཁྲོད་ཁྱབ་པར་བྱས་ཐོག་ཕྱོགས་ཡོངས་དང་། ཐབས་ལམ་མང་པོ། ཁྱབ་རྒྱ་ཡངས་པ་བཅས་ཀྱི་་ཐོག་ནས“ལག་གདང་སྦྲེལ་བ”དང་། “ཆ་སྒྲིག་པ”“གཅིག་སེམས་གཅིག་སྦྲེལ”སོགས་ཀྱི་བྱེད་སྒོ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འགྱུར་ཁུག་སྙན་པོ་ཞིག་སྒྲོག་ཡོད།
མི་རིགས་མཐུན་སྒྲིལ་ལས་དོན་དེ་དགོན་སྡེའི་སློབ་གསོ་དོ་དམ་ཁྲོད་ཁྱབ་པར་བྱས་པ། རིམ་ཁག་མི་རིགས་ཆོས་ལུགས་ཅུས་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་སྔ་རྗེས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་གཏོད”པའི་མི་རིགས་ལས་དོན་གྱི་སྤྱིའི་དམིགས་ཚད་ཁོང་དུ་བརྟན་པོ་ཆུད་པར་བྱས་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས། གྲྭ་བཙུན་མང་ཚོགས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཆེ་རུ་བཏང་བ་རེད།