དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-28

    བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་བོད་མི་རིགས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་རེད། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རླབས་ཆེན་མེས་རྒྱལ་ཐུན་མོང་ཐོག་འཛུགས་སྐྲུན་དང་མེས་རྒྱལ་གྱི་བདག་དབང་དང་ལ་རྒྱ་ཐུན་མོང་ཐོག་བསྲུངས་ཡོད།  

    མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་གྱི་རྨང་རྡོ་དང་ཀྲུང་ཧྭ་མི་རིགས་ནི་ཁྲག་རྒྱུན་གཅིག་ཏུ་འདྲེས་པའི་ཐུན་མོང་གི་ལུས་རྟེན་ཞིག་ཡིན། རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད། གྲངས་ཉུང་མི་རིགས་ཕན་ཚུན་ཁ་འབྲལ་ཐབས་མེད། ཀྲུང་ཧྭ་མི་རིགས་ཀྱི་ངོས་ནས་བརྗོད་ན། ག་དུས་མཐུན་སྒྲིལ་གཅིག་མཐུན་བྱུང་ན་དེ་དུས་ཀུན་སེམས་གཅིག་སྒྲིལ་དང་དར་རྒྱས་གོང་འཕེལ་ཡོང་བ་དང་། ག་དུས་མཐུན་སྒྲིལ་མ་བྱུང་ན་དེ་དུས་སྲན་མ་ཐོར་བ་ལྟ་བུར་གྱུར་ནས་མི་གཞན་གྱི་བརྙས་བཅོས་དང་མཐོང་ཆུང་ཕོག་རྒྱུ་རེད། དེ་ནི་ལོ་རྒྱུས་ཀྱི་སྡོམ་ཚིག་རེད་ལ་དོན་དངོས་ཀྱི་འབོད་སྐུལ་ཡང་རེད། 

    གནའ་སྔ་མོ་ནས་བཟུང་བོད་ནི་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན་ཞིང་། མི་རིགས་ཁག་གི་མི་དམངས་རྣམས་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་འཚོ་གནས་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བརྗིད་ཆེའི་ལེའུ་བརྩམས་ཡོད། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་གནས་ས་ཡིན་ལ་ཀྲུང་གོ་མི་དམངས་ཡོངས་ཀྱི་ཐུན་མོང་གི་སེམས་པ་ཕྱོགས་སའང་ཡིན། ང་ཚོས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱ་རྒྱུ་དང་རང་ཉིད་ཀྱི་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱེད་དགོས་པ་དང་། མི་རིགས་ཁག་གི་སྤུན་ཟླར་སེ་འབྲུ་བཞིན་ཕན་ཚུན་གཅིག་ཏུ་བསྒྲིལ་རྒྱུ་དང་། རྡོ་ཁབ་ལེན་བཞིན་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱ་རྒྱུ་བཅས་ཀྱི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་དགོས། མི་རིགས་ཁག་ཉ་ཆུ་ལྟར་བརྩེ་བ་ཟབ་པོ་ཡོང་བ་བྱ་རྒྱུ་དང་། ཕན་ཚུན་ལྟ་རེས་སྲུང་རེས་བྱ་རྒྱུ། མི་སེམས་གཅིག་ཏུ་བསྒྲིལ་རྒྱུ། བསམ་པ་གཅིག་ལ་གཅིག་བརྟེན་ཡོང་བ་བྱ་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། 

    མི་རིགས་ཁག་གི་མི་དམངས་རྣམས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བློ་སེམས་གཅིག་མཐུན་གྱིས་མེས་རྒྱལ་ལ་ཕྱོགས་པ། རང་རྟོགས་ངང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་སེམས་ནང་འཇགས་པ་དང་ཁྲག་རྒྱུན་ནང་རྒྱུ་བར་བྱེད་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། དུས་ནམ་ཡང་མཐུན་སྒྲིལ་ལ་སྣང་ཆེན་དང་མེས་རྒྱལ་ལ་དགའ་ཞེན་གྱི་སྤྱི་དམངས་ཡག་པོ་ཞིག་ཆག་རྒྱུར་ཤུགས་སྣོན་རྒྱག་དགོས། ངག་དབང་དོན་གྲུབ་ཀྱིས་བསྒྱུར།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།