མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་དབར་དང་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་བརྗོད་ཅིང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རང་རྒྱལ་གྱིས་མི་རིགས་འབྲེལ་བ་ཐག་གཅོད་དང་མི་རིགས་ལས་དོན་སྤེལ་བའི་ཚད་གཞི་ཞིག་ཡིན་ལ། དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན།
མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཡིན་ཞིང་། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་བོད་ལ་མཚོན་ན། མི་རིགས་མང་པོ་འདུས་སྡོད་བྱས་པའི་གྲངས་ཉུང་མི་རིགས་རང་སྐྱོང་ལྗོངས་ནི་འདིའི“ཚབ་མིང”ཞིག་ཡིན། བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་རིགས། ལྷོ་པ་རིགས། འཇང་རིགས། དེ་བཞིན་ཏེང་པ་དང་ཤར་པ་སོགས་མི་རིགས་མང་པོ་མཉམ་དུ་གནས་འདིར་འཚོ་བ་སྐྱེལ་བཞིན་ཡོད། འཚོ་བའི་གོམས་གཤིས་མི་འདྲ་བ་དང་མི་རིགས་ཀྱི་ཡུལ་སྲོལ་མི་གཅིག་པས་ཐུན་མོང་མ་ཡིན་པའི་བོད་ཀྱི་ཁྱད་ཆོས་གཏོད་ཡོད་ལ། རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ཀྱི་ལས་དོན་ཁག་ཡག་པོ་སྤེལ་བ་དང་བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ལ་གཏན་འཁེལ་བྱས་ཡོད།
ཐང་རྒྱལ་རབས་ཀྱི་དུས་སྐབས་སུ་རྒྱ་བཟའ་ཀོང་ཇོ་བོད་དུ་བག་མར་གདན་དྲང་བ་ནས་བཟུང་བོད་རྒྱའི་དབར་གྱི་མཛའ་འབྲེལ་གྱི་འགོ་བཙུགས་ཏེ། ད་བར་འཚོ་བའི་ཁྲོད་དུ་མི་རིགས་མི་འདྲ་བ་བཟུང་འབྲེལ་བྱས་པའི་ཁྱིམ་ཚང་ཆུང་ཆུང་མང་པོ་ཡོད། མི་རིགས་མཐུན་སྒྲིལ་ནི་བོད་དུ་འབོད་ཚིག་ཙམ་མ་ཡིན་པར། བྱ་སྤྱོད་ཆུང་ངུ་རེ་རེ་དང་དོན་ཆུང་རེ་རེའི་ཁྲོད་དུ་གནས་ཡོད། “སྒྱུར་བཅོས་སྒོ་དབྱེའི་གདོང་ལེན་པའི”མཚན་སྙན་ཐོབ་པའི་ཁུང་ཧྥན་སན་གྱིས་རང་འགུལ་ངང་ཐེངས་གསུམ་བོད་དུ་ལས་ཀ་བྱེད་པར་ཡོང་རྒྱུའི་གདམ་ག་བྱས་ཤིང་། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ཡོད། ཁོང་གིས་ཏང་ཡོན་ལས་བྱེད་པའི་སེམས་ནུས་ཡོད་རྒུ་བོད་དུ་བཏོན་ཞིང་། བོད་ལྗོངས་འཛུགས་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ནས་བོད་རིགས་མང་ཚོགས་ཁྲོད་ཏང་ཡོན་ལས་བྱེད་པའི་འོད་སྟོང་འཕྲོ་བའི་གཟུགས་བརྙན་གཏོད་ཡོད། ཁོང་གིས་བོད་སྐྱོར་ལས་དོན་ཁྲོད་བྱ་བ་བཟང་པོ་མང་དག་ཅིག་བསྒྲུབས་ཡོད་དེ། བཅའ་སྲུང་གི་འཐབ་འཛིང་པ་ཆུང་ཆུང་ལ་རང་ལ་ཉུང་ཤས་ལས་མེད་པའི་ལྕི་བ་སྐྱེལ་བ་དང་ལ་བརྒལ་ཀླུང་བརྒྱབ་ཀྱིས་རི་ཁུལ་དུ་ཡོད་པའི་བོད་རིགས་མི་ཧྲེང་རྒན་རྒོན་ལ་འཚམས་འདྲི་བྱེད་པ། ཞིང་འབྲོག་ཁུལ་དུ་རྟོག་ཞིབ་ལ་སྐྱོད་སྐབས་རྟག་ཏུ་རང་ཉིད་ཀྱིས་དངུལ་བཏང་ནས་ཉོས་པའི་སྨན་སྒམ་ཆུང་ཆུང་དེ་འཁྱེར་ནས་སྨན་དང་སྨན་པ་དཀོན་པའི་ཞིང་འབྲོག་མི་དམངས་ལ་སྟབས་བདེ་བསྐྲུན་ཡོད། དེ་བཞིན་མལ་གྲོ་གུང་དཀར་ལ་ས་ཡོམ་དྲག་པོ་བརྒྱབ་རྗེས་ཡུལ་དེའི་བོད་རིགས་དྭ་ཕྲུག་གསུམ་གསོ་ཉར་བྱས་པ་སོགས་བྱ་བ་ཆུང་ཙག་མང་པོའི་ཁྲོད་ནས་ཁོང་དང་མི་རིགས་ཁག་གི་མི་དམངས་དབར་ཀྱི་མཛའ་བརྩེ་གཏོད་ཡོད། ཁོང་གི་ཉམས་ལེན་འབད་སྒྲུབ་དང་དོན་དངོས་ལག་ལེན་ལས་མི་རིགས་མཐུན་སྒྲིལ་གྱི་དམིགས་ཡུལ་ལག་བསྟར་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་རྣམས་ལ་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་བཟང་པོ་སྟོན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྔ་རྗེས་སུ་སྐོང་ཚོགས་བྱས་པའི་ཀྲུང་དབྱང་གི་མི་རིགས་ལས་དོན་སྐོར་གྱི་ཚོགས་འདུ་དང་། ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་སོགས་ཚོགས་འདུ་ཆེ་གྲས་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད་ཅིང་། དེ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་མཐུན་སྒྲིལ་དང་མི་རིགས་ས་ཁུལ། དེ་བཞིན་འབྲེལ་ཡོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད། དེའི་རྨང་གཞིའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་འགྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མི་རིགས་ཁག་སེ་འབྲུའི་འབྲུ་གུ་ལྟར་དམ་པོར་སྒྲིལ་རྒྱུར་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་པའི་ནན་བཤད་སྔར་ལས་ལྷག་པ་བྱས་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ཐད་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལ་སྔར་བས་སྙིང་བསྡུས་བྱས་པ་ཞིག་རེད་ལ། དུས་རབས་གསར་པའི་འོག་བོད་དང་དེ་བཞིན་གྲངས་ཉུང་མི་རིགས་གཞན་འདུས་སྡོད་ཁུལ་དུ་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་རེད།
བོད་ལ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་འབད་འཐབ་འོག་ཐོབ་པའི་གྲུབ་འབྲས་ཤིག་རེད། འདི་ལྟ་བུའི་ངོ་མཚར་ལས་མི་རིགས་ཁག་མཐུན་སྒྲིལ་མཉམ་གནས་བྱེད་རྒྱུ་ནི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་རྨང་གཞི་བརྟན་པོ་ཞིག་ཡིན་པ་དང་། མི་རིགས་ཁག་དབར་ལས་དབང་གཅིག་མཐུན། བདེ་སྡུག་མཉམ་མྱོང་། བློ་གཅིག་སེམས་གཅིག་གི་གཉེན་ཉེ་ལྟར་གྱི་ཁྱིམ་ཚང་གཅིག་ཏུ་གྱུར་ཚེ། གཞི་ནས་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་རྩ་བའི་ཆ་ནས་སྲུང་སྐྱོང་བྱེད་ཐུབ་རྒྱུར་སླར་ཡང་ཁྱབ་བསྒྲགས་བྱས་ཡོད། སླད་ཕྱིན་མི་རིགས་མཐུན་སྒྲིལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཚེ། གཞི་ནས་དུས་རབས་གསར་པའི་འོག་གི་བོད་ལྗོངས་གསར་པ་གང་ལེགས་མཚོན་ཐུབ་ལ། མི་རིགས་ཁག་གི་འབད་འཐབ་ལྷོད་མེད་ཁྲོད་སྔར་ལས་བདེ་སྐྱིད་དང་ཞི་མཐུན་གྱི་རྣམ་པ་གསར་པ་ཞིག་མངོན་ཐུབ། ངག་དབང་དོན་གྲུབ་ཀྱིས་བསྒྱུར།