
འདི་ནི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁང་ཡིན་པ།
ཟླ་9ཚེས་23ཉིན་གྱི་སྔ་དྲོ་ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་བཅུ་བདུན་པ་ཧྲེན་ཀྲེན་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་ཤིང་། སྐབས་འདིའི་རིག་གནས་དངོས་མང་སྟོན་ཚོགས་བོད་ལྗོངས་འགྲེམས་ཁང་གིས“འོད་སྟོང་འཕྲོ་བའི་ལོ་ངོ་70·མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ”བརྗོད་དོན་གཙོ་བོར་བྱས་པ་དང་། རང་ལྗོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ་ཁྱོན་18འགྲེམས་སྟོན་ལ་ཞུགས་ནས་འགྲེམས་རྫས་ཁྲི་ལ་ཉེ་བ་འགྲེམས་སྟོན་བྱས་པའི་ནང་རིག་གནས་བསམ་བཀོད་དང་། ཐོན་ལས་གླིང་། སྨྱན་སྦྱོར་མཉམ་འདྲེས་སོགས་ཚུད་ཡོད། འགྲེམས་སྟོན་དང་འོས་སྦྱོར་སྤེལ་རེས་བརྒྱུད་རྒྱལ་ཡོངས་ས་གནས་ཁག་དང་དེ་བཞིན་རིག་གནས་ཁྱབ་ཁོངས་ཀྱི་ལས་རིགས་ཁག་བོད་ཀྱི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།