དབུ་ཤོག>གསར་འགྱུར།
  • བོད་ཀྱི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་2དང་ཟངས་ཀྱི་རྟགས་མ་2ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-23

    1100961_yis_1632326400000_s.jpg

    རང་ལྗོངས་ཀྱི་བདམས་ཐོན་པས་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་གྱི་རྣམ་གྲངས་མཇུག་ཤོས་ཀྱི་འགོག་རྐྱེན་འགྲན་བསྡུར་ལ་ཞུགས་བཞིན་པ།

    1100959_yis_1632326400000_s.jpg

    རང་ལྗོངས་ཀྱི་བདམས་ཐོན་པ་སྟོབས་རྒྱལ་གྱིས་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་སྐྱེས་པའི་སྨི་10000གི་རྒྱུག་ཤར་འགྲན་བསྡུར་གྱི་མཐའ་བསྡུར་ནང་ཞུགས་བཞིན་པ།

    ཟླ་9ཚེས་21ཉིན་རང་ལྗོངས་ཀྱི་བདམས་ཐོན་པས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་གསེར་གྱི་རྟགས་མ་2དང་ཟངས་ཀྱི་རྟགས་མ་2བླངས་པ་དང་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་ནང་བོད་ལ་གསེར་གྱི་རྟགས་མ་ཐོག་མ་དེ་ཐོབ་པ་དང་སྟོབས་རྒྱལ་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་གཉིས་ཀྱི་སྐྱེས་པའི་སྨི་10000གི་འགྲན་བསྡུར་གྱི་ཨང་དང་པོ་བསྟུད་མར་བླངས་པ་རེད།

    ཚེས་21ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་མཇུག་འགྲིལ་ཞིང་། རང་ལྗོངས་ཀྱི་ལུས་རྩལ་པ་སྤེན་པ་ཚེ་རིང་དང་། སྐལ་བཟང་ཕུན་ཚོགས། བསྟན་འཛིན་བློ་བསྟན། བཀྲ་ཤིས་བཅས་ལས་གྲུབ་པའི་བོད་ལྗོངས་རུ་ཁག་གིས་རྣམ་གྲངས་དེའི་ཚོགས་པའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་བླངས་ཡོད། དེ་ནི་རང་ལྗོངས་ལ་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཁྲོད་ཐོབ་པའི་གསེར་གྱི་རྟགས་མ་ཐོག་མ་དེ་ཡིན་པ་དེས་རང་ལྗོངས་ཀྱི་རྟ་རྩལ་འགྲན་བསྡུར་རྣམ་གྲངས་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གསེར་གྱི་རྟགས་མ་གཅིག་ཀྱང་ཐོབ་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། མི་སྒེར་གྱི་འགྲན་བསྡུར་ནང་སྐལ་བཟང་ཕུན་ཚོགས་ཀྱིས་ཨང་གསུམ་པ་བླངས་ནས་རང་ལྗོངས་ལ་ཟངས་ཀྱི་རྟགས་མ་ཐོབ་པ་རེད།

    ཉིན་དེར་སྤེལ་བའི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་སྨི་10000གི་རྒྱུག་ཤར་འགྲན་བསྡུར་གྱི་མཐའ་བསྡུར་ནང་རང་ལྗོངས་ཀྱི་བདམས་ཐོན་པ་སྟོབས་རྒྱལ་དང་། བསོད་ནམས་ཚེ་རིང་། རྟ་མགྲིན་ཚེ་དབང་བཅས་འགྲན་བསྡུར་ལ་ཞུགས་ཡོད། འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་སྟོབས་རྒྱལ་གྱིས་སྐར་མ་28.35.24ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་ཏེ་བོད་ལ་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་གཉིས་པ་དེ་བླངས་པ་མ་ཟད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་གཉིས་ཀྱི་རྣམ་གྲངས་དེའི་ཨང་དང་པོ་བསྟུད་མར་བླངས་པ་རེད། རྟ་མགྲིན་ཚེ་དབང་དང་བསོད་ནམས་ཚེ་རིང་གིས་ཨང་བཞི་པ་དང་བདུན་པ་བླངས་ཡོད།

    གཞན་ཡང་། ཚེས་21ཉིན་བྲག་འཛེག་རྣམ་གྲངས་ཀྱི་དར་མའི་ཚོགས་ཆུང་གི་བུད་མེད་ཀྱི་ཀུན་ཐུབ་རྣམ་གྲངས་གཉིས་ཀྱི་མཐའ་བསྡུར་མཇུག་འགྲིལ་ཞིང་། བོད་ཀྱི་བདམས་ཐོན་པ་པད་མ་གཡུ་སྒྲོན་གྱིས་ཨང་གསུམ་པ་བླངས་ནས་ཟངས་ཀྱི་རྟགས་མ་ཐོབ་ཡོད། དེ་ནི་བོད་ཀྱི་ལུས་རྩལ་འཐུས་མི་ཚོགས་པར་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་རྣམ་གྲངས་ལ་ཐོབ་པའི་རྟགས་མ་ཐོག་མ་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།