བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཚན་རྩལ་པུའུ་རྒྱལ་ཁབ་རྒྱང་ཚོར་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ལྷ་སར་མཉམ་འབྲེལ་ཐོག་རྒྱལ་ཁབ་ཀྱི་རྒྱང་ཚོར་ལྟེ་གནས་རྒྱང་ཚོར་ཚན་རྩལ་བོད་སྐྱོར་སྤེལ་རེས་ཚོགས་འདུ་དང་བོད་ལྗོངས་ཡན་ལག་པུའུ་འཛུགས་སྐྲུན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག ཚན་རྩལ་པུའུ་རྒྱལ་ཁབ་རྒྱང་ཚོར་ལྟེ་གནས་ཀྱིས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང《རྒྱང་ཚོར་ཚན་རྩལ་བོད་སྐྱོར་སྐོར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》བཞག་པ་མ་ཟད། རྒྱལ་ཁབ་རྒྱང་ཚོར་ལྟེ་གནས་བོད་ལྗོངས་ཡན་ལག་པུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོའང་འཚོགས་པ་རེད། ཚོགས་འདུའི་ཐོག ད་དུང་རྒྱལ་ཡོངས་ཀྱི་རྒྱང་ཚོར་ཚན་རྩལ་སྟོབས་ཤུགས་ཀྱིས་མཉམ་དུ་བོད་ཀྱི་རྒྱང་ཚོར་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་འགའ་ཞིག་ཁ་གསལ་བཟོས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སའི་གོ་ལའི་ཚན་རིག་དང་། ཁོར་ཡུག་ཚན་རིག ཐོན་ཁུངས་ཚན་རིག གོ་ལ་ཧྲིལ་པོའི་འགྱུར་ལྡོག་ཞིབ་འཇུག་བཅས་ཀྱི་ཁྲོད། རྒྱང་ཚོར་ལ་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་ཐུབ་པའི་ཁྱད་ཆོས་ལྡན་པས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གོ་ལ་ཧྲིལ་པོའི་ལྟ་དཔྱད་ཚད་འཇལ་བྱ་ཐབས་ཤིག་དང་རྒྱུན་མཐུད་འཕེལ་རྒྱས་འཐབ་ཇུས་ལག་ལེན་བསྟར་བའི་རྨང་གཞིའི་རང་བཞིན་གྱི་ལག་རྩལ་འདེགས་སྐྱོར་ཞིག་རེད། རྒྱང་ཚོར་ལག་རྩལ་དེ་ཁོར་ཡུག་གི་སྦགས་བཙོག་ལྟ་ཞིབ་ཚད་ལེན་དང་། ས་ཞིང་བེད་སྤྱོད་འཆར་འགོད། གནམ་གཤིས་ལ་ལྟ་ཞིབ་ཚད་ལེན། གནོད་འཚེ་འགོག་བཅོས། ཞིང་འབྲོག་ལས་ཀྱི་བརྟག་དཔྱད་སོགས་ཐད་བཀོལ་ན། སྐྱེ་ཁམས་བདེ་འཇགས་ཐད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ལ། མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུར་ཚན་རྩལ་གྱི་འདེགས་སྐྱོར་ཡང་ཐུབ་རྒྱུ་རེད།