ཉེ་དུས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིས་ནུས་རྒྱུ་གཙང་མའི་སྤྱི་སྤྱོད་རླངས་འཁོར་40བཏང་ནས་བབས་ཚུགས་ཆེ་གྲས་ལ་མྱུར་སྐྱོད་ཀྱི་ལམ་ཐིག་ཁག་ལྔ་གསར་དུ་བསྣན་ཏེ་སྤྱི་སྤྱོད་རླངས་འཁོར་གྱི་མྱོང་ཚོར་སྔར་བས་ལེགས་སུ་བཏང་བ་དང་། སྤྱི་སྤྱོད་རླངས་འཁོར་ལ་སྡོད་པའི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་ནས། ཡ་རབས་དང་། གོ་རིམ། བདེ་ཐང་། བདེ་འཇགས་བཅས་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་བསྐྲུན་པ་རེད།
མིག་སྔའི་བར་ལྷ་ས་གྲོང་ཁྱེར་ལ་སྤྱི་སྤྱོད་རླངས་འཁོར་ཁྱོན་བསྡོམས་562ཡོད་ཅིང་། དེ་དག་ཚང་མ་ནི་ནུས་རྒྱུ་གཙང་མའི་སྤྱི་སྤྱོད་རླངས་འཁོར་རེད་ལ། བསྡུར་གྲངས་བཟུང་ཚད་ཀྱང་100%ཟིན་ཡོད། གཞན་ཡང་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཁྱོན་བསྡོམས་43ཡོད་པ་ལས་ལམ་ཐིག་39ནི་རྒྱུན་གཏན་གྱི་ལམ་ཐིག་ཡིན་པ་དང་སྤྱིའི་རིང་ཚད་སྤྱི་ལེ་839.2ཟིན་པ། ཆེད་རྒྱུག་ལམ་ཐིག་ཁག་3ཡོད་པ་དང་སྤྱིའི་རིང་ཚད་སྤྱི་ལེ་63.5ཟིན་ཡོད། ཉིན་རེར་ཆ་སྙོམས་རླངས་འཁོར་གཏོང་ཐེངས་3845ཟིན་པ་དང་། ཉིན་རེར་ཆ་སྙོམས་རྒྱུག་ཚད་སྤྱི་ལེ་ཁྲི་8.09ཟིན་པ། ཉིན་རེར་ཆ་སྙོམས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་18.8ཟིན་གྱི་ཡོད། ད་ཐེངས་གསར་དུ་བསྣན་པའི་བབས་ཚུགས་ཆེ་གྲས་ལ་མྱུར་སྐྱོད་ཀྱི་ལམ་ཐིག་ཁག་ལྔ་པོས(ཐད་གཏོང་རླངས་འཁོར)གྲོང་མི་མང་ཚོགས་ཀྱི་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་འགྲོ་སྐྱོད་ཀྱི་དགོས་མཁོ་བསྐངས་ངེས་རེད།
ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁོངས་གཏོགས་ཁུལ་དུ་དུས་ཡུན་ཉིན་10ལྷག་ཙམ་ཟིན་པའི“རྟེན་འབྲེལ་ཆེ་མོ་བསུ་བ་དང་། རིམས་ནད་སྔོན་འགོག་བྱེད་པ། ཡ་རབས་གྲོང་ཁྱེར་མཉམ་གཏོད”བཅས་ཀྱི་ཁྲོམ་ར་ལྟ་འདོམས་ཀྱི་ཆེད་དོན་ཁྲིམས་འཛིན་གྱི་བྱ་སྤྱོད་སྤེལ་ནས་བཟའ་བཅའ་དང་། སྨན་རྫས། བཟོ་ལས་གལ་ཆེན་གྱི་ཐོན་རྫས་ཀྱི་སྤུས་ཚད། དམིགས་བསལ་སྒྲིག་ཆས། གྲང་ཕྲེང་ཟོག་འགྲེམས་སོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱས་པ་རེད།