དབུ་ཤོག>གསར་འགྱུར།
  • ཀོང་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་འབྲེལ་མཐུད་བྱེད་པར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-06

     ཟླ་9ཚེས་2ནས་4ཉིན་བར། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཤིས་དང་ཧྲེང་ཀྲང་མ་ཤིན་རུའེ་ཡིས་ཀོང་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ། ཉིང་ཁྲི་གྲོང་ཁྱེར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་གལ་ཆེན་དང་བོད་ཀྱི་ལས་དོན་དང་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ཀོང་ཏུང་གིས་བོད་ལྗོངས་ཉིང་ཁྲིར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྐོར་སྤེལ་རེས་དང་འབྲེལ་མཐུད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཝུའེ་ཀྲུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་དུ་འཐུས་མི་ཚོགས་པ་དང་བཅས་པ་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཆུང་གླིང་གྲོང་ཚོ་དང་། རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་། ཀོང་ཏུང་དང་ཉིང་ཁྲིའི་ཐོན་ལས་གླིང་སོགས་སུ་བསྐྱོད་དེ། ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཀོང་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་མ་ཟད། ས་གནས་དེ་གའི་ཏང་ཡོན་རྒན་གྲས་དང་། གྲོང་མི། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་བཅས་ལ་འཚམས་འདྲི་ཡང་ཞུས་པ་རེད།

    ཚེས་4ཉིན་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལི་ཤིས་ཀྱིས་ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་བོད་ཀྱིས་དུས་ཡུན་རིང་པོར་ཀོང་ཏུང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས། ཀོང་ཏུང་གིས་བོད་ཀྱི་ལས་དོན་དང་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམིགས་པ་བཅས་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་བོད་ཀྱི་ཉིང་ཁྲིར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཏན་ཏིག་ངང་སྒྲུབ་དགོས་པ་སྟེ། གཅིག་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། གཉིས་ནས་གཙོ་གནད་མངོན་གསལ་དོད་པོ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”ཁ་གཏད་བོད་སྐྱོར་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ཁ་གཏད་རོགས་སྐྱོར་གོ་སྐབས་སུ་བྱས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་གྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཐུན་མོང་ཐོག་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་ཐུབ་པ་བྱེད་དགོས་པ། བཞི་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་ཁ་གཏད་རོགས་སྐྱོར་ལས་དོན་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཀོང་ཏུང་ཞིང་ཆེན་གྱིས་དུས་ཡུན་རིང་པོར་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ལྷག་བསམ་རྣམ་དག་ངང་བློས་གཏོང་གནང་བར་གུས་བཀུར་ཞུས་པ་རེད། ཝུའུ་དབྱིང་ཅེས། དུས་ཡུན་རིང་པོར་ཀོང་ཏུང་ཞིང་ཆེན་གྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། “སྤྱི་ཡོངས་གཉིས”སེམས་སུ་འཆང་བ། “རྒྱལ་ཁབ་ཀྱི་དོན་ཆེན”ལ་བསམ་བློ་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་ལག་ལེན་བསྟར་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་ཆེད་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། ཀོང་ཏུང་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུར་སྙིང་དབུས་ནས་རེ་བ་ཞུ་རྒྱུ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དེ་རོགས་སྐྱོར་བྱ་ཡུལ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཁྱོན་ཡོངས་འཛུགས་སྐྲུན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་དྲིན་ལན་འཇལ་བ་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།