དབུ་ཤོག>གསར་འགྱུར།
  • རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-02

     ཟླ་8ཚེས་30ཉིན་དང་ཚེས་31ཉིན། རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གསུང་བཤད་གལ་ཆེན་དང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ལས་དོན་ལ་ཕྱོགས་སྡོམ་དང་ཉམས་མྱོང་སྤེལ་རེས། དུས་མཚམས་རྗེས་མའི་རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

    མི་སྤྱི་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཀྲང་ཅི་ནན་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་གསུངས་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཞུགས་པ། མི་སྤྱི་པུའི་པུའུ་ཀྲང་གཞོན་པ་ཐང་ཐའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲང་ཅིས་ནན་གྱིས་ཉེ་བའི་ལོ་ཤས་རིང་བོད་ཀྱི་མི་སྤྱི་ལས་དོན་དང་རྒྱལ་ཡོངས་ཀྱི་མི་སྤྱི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད། ཀྲང་ཅིས་ནན་གྱིས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐད་གཅིག་གྱུར་ཡོང་བར་བྱས་ནས། བོད་སྐྱོར་ལས་དོན་ཁག་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་ཕན་འབྲས་ལ་དངོས་སུ་འགྱུར་བར་བྱེད་དགོས། གཙོ་གནད་འབུར་ཐོན་དང་གནད་སྨིན་ཤུགས་འདོན་གྱིས་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཐོག་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་ནས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཞིབ་ཚགས་ཅན་གྱི་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་དང་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དེ་བས་ལེགས་པ་དང་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཀྱི་ལག་ཤེས་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། ལག་ཤེས་པའི་སློབ་གསོ་གོང་འཕེལ་ལ་རྒྱབ་སྐྱོར་དང་། ལག་ཤེས་པའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན། བོད་ཀྱི་ལག་ཤེས་པའི་སློབ་གླིང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་ཁྱོན་ཆེ་བའི་ལས་རིགས་ལག་ཤེས་གསོ་སྦྱོང་སྤེལ་བ་བཅས་བྱས་ནས། ངལ་རྩོལ་བ་དེ་བས་མང་བ་ལས་ཞུགས་བརྟན་པོ་ཐུབ་པ་དང་། ཡོང་འབབ་འཕར་བ། ལག་ཤེས་འཇོན་པོ་བཅས་ལ་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་ཤེས་ལྡན་མི་སྣར་འདུ་འགོད་རྣམ་གྲངས་ཀྱི་འཆར་གཞི་སོགས་ཀྱི་སྲིད་ཇུས་ནས་རྒྱུན་མཐུད་གཟིགས་སྐྱོང་བྱས་ཏེ། འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་གལ་ཆེན་སྔར་ལས་ལེགས་པ་འདོན་དགོས། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་གཏིང་ཟབ་བཏོད་ནས་བོད་ཀྱི་སྤྱི་པའི་ཞབས་འདེགས་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་མི་སྤྱི་པུའུ་དང་རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ཀྱིས་བོད་ཀྱི་མི་སྤྱིའི་བྱ་གཞག་ལ་རྒྱབ་སྐྱོར་ཡུན་རིང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    ཝུའུ་དབྱིང་ཅེས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་མི་སྤྱི་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས། ཡུན་རིང་ཚུན་དུ། མི་སྤྱི་པུའུ་དང་རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས། བོད་སྐྱོར་ལས་དོན་ཆབ་སྲིད་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་བརྩིས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་མཐོ་ཚད་ནས་མི་སྤྱིའི་བོད་སྐྱོར་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། བོད་སྐྱོར་ལས་དོན་གྱི་ལམ་སྲོལ་གསར་གཏོད། བོད་སྐྱོར་ལས་དོན་གྱི་ནང་དོན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། མི་སྤྱི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་ཐེངས་མང་པོས་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་སྒེར་སེམས་མེད་པའི་བརྩེ་བ་བཅངས་ནས་སྤྲོ་སེམས་ཆེན་པོས་བོད་ཀྱི་མི་སྤྱིའི་བྱ་གཞག་ལ་ཞུགས་པར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། མིག་སྔར་བོད་རྒྱལ་ཡོངས་དང་མཉམ་དུ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་བཞིན་ཡོད་པས། མི་སྤྱི་པུའུ་དང་རྒྱལ་ཡོངས་ཀྱི་མི་སྤྱི་ཁོངས་གཏོགས་ཀྱིས་བོད་ཀྱི་མི་སྤྱིའི་བྱ་གཞག་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རེ་བ་ཡོད། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་སྔར་ལས་ལྷག་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་ཏན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ཏེ་རོགས་སྐྱོར་ཐོབ་པའི་ལས་དོན་ཏན་ཏིག་སྒྲུབ་པ། མི་སྤྱིའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས་མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ལ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་མངོན་པར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཆེ་དགྲ་ལྷས་ཤིས་ཚིག་སྒྲོན་སྐབས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དྲིན་ཚོར་ཟབ་མོ་བཅངས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ། བློ་སྟོབས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་བཅས་ཀྱི་དུས་འདིར། རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་བདེ་བླག་ངང་འཚོགས་ཡོད། ང་ཚོས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྦྲེལ་མཐུད་དང་དོན་འཁྱོལ་ཕྱོགས་ཡོངས་ནས་ཡག་པོ་དང་། བྱ་ཐབས་ཞིབ་ཕྲ་ནན་ཏན་བཟོ་བ། བོད་སྐྱོར་མ་དངུལ་ཚང་མ་ཡག་པོ་སྤྱོད་པ། བོད་སྐྱོར་རྣམ་གྲངས་ཚང་མར་དོ་དམ་ཡག་པོ། བོད་སྐྱོར་ལས་བྱེད་པ་ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་གཅེས་སྐྱོང་བཅས་བྱས་ནས་བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བཏོད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་དང་དེ་བཞིན་རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ལ་རྒྱུགས་ལན་ཡག་པོ་ཞིག་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    ཚོགས་འདུའི་ཐོག ཅང་ཅེས“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་གྱི་མི་སྤྱིའི་བོད་སྐྱོར་ལས་དོན་དང“ལོ་ལྔ་ཚན་བཅུ་བཞི་པའི”ལས་དོན་གྱི་བསམ་ཕྱོགས་སྙན་སེང་ཞུས་པ་དང་། རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་ཕྱོགས་གཉིས་པོས་ཁ་གཏད་བོད་སྐྱོར་གྱི་གྲོས་མཐུན་བཞག་པ། ཀོང་ཏུང་དང་ཧྲན་ཏུང་ཞིང་ཆེན་གྱི་མི་སྤྱི་ཐིང་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།